ཕྱི་ལོ་ ༢༠༡༩ ཟླ་ ༡༢ ཚེས་ ༡༣ རེས་གཟའ་པ་སངས།
༄༅། །འདི་གར་ཕྱི་ལོ་ ༢༠༡༩ ཟླ་ ༡༢ ཚེས་ ༡༣ ཉིན་བཏང་གནས་ནང་འཁོད་དོན། ཨོ་གླིང་སྐུ་ཚབ་དོན་ཁང་ནས་བཏང་གནས་ནང་འཁོད་དོན། ཕྱི་ལོ་ ༢༠༡༩ ཟླ་ ༡༢ ཚེས་ ༡༠ ཉིན་ཨོ་གླིང་རྒྱལ་ས་ཁེན་བྷེ་ར་བོད་རིགས་མཐུན་ཚོགས་ཀྱི་གོ་སྒྲིག་འོག སྔ་དྲོ་ཆུ་ཚོད་ ༩་༣༠ ནས་ ༡༢ བར་རྒྱ་ནག་གཞུང་ཚབ་ཁང་གི་མདུན་དུ་རྒྱལ་སྤྱིའི་འགྲོ་བ་མིའི་ཐོབ་ཐང་གི་ཉིན་མོ་སྲུང་བརྩི་ཞུས་ཡོད། སྐབས་དེར་བོད་ནང་འགྲོ་བ་མིའི་ཐོབ་ཐང་དང་ཆོས་དད་རང་དབང་དགོས་པའི་ཞི་བའི་སྐད་འབོད་གནང་བ་མ་ཟད། གསུང་བཤད་ཀྱི་ལས་འགུལ་ཞིག་ཀྱང་སྤེལ་ཡོད་པ་རེད། ལས་འགུལ་དེར་བོད་མི་ཙམ་མ་ཟད། ཧོང་ཀོང་དང་། རྒྱ་རིགས་ཆོས་འཁོར་སྒོམ་སྒྲུབ་ Falung Gong ཉམས་ལེན་པ། མང་གཙོ་དོན་གཉེར་བ། ཡུ་གུརམི་རིགས། རྒྱ་ནག་གཞུང་གི་དམ་བསྒྲགས་ཅན་གྱི་སྲིད་བྱུས་འོག་སྡུག་སྦྱོང་མནར་གཅོད་དང་། དཀའ་སྡུག་ཧ་ཅང་མྱངས་པའི་རྒྱ་རིགས་ཡེ་ཤུའི་ཆོས་གྲོགས་སོགས་ཁྱོན་མི་གྲངས་བརྒྱ་ལྷག་མཉམ་ཞུགས་གནང་ཡོད།
ཞི་རྒོལ་ལས་འགུལ་དེ་བཞིན་ཁེན་བྷེ་ར་བོད་རིགས་མཐུན་ཚོགས་ཀྱི་ཚོགས་གཙོ་སྐལ་བཟང་ཡོན་ཏན་ལགས་ཀྱི་གཙོས་རྒྱུན་ལས་རྣམ་པས་སྣེ་ཁྲིད་པ་དང་། ཚོགས་གཞོན་ཟླ་སྒྲོན་ལགས་ནས་རྒྱ་ནག་གཞུང་གིས་བོད་ནང་གི་བོད་མི་ཚོའི་གཞི་རྩའི་འགྲོ་བ་མིའི་ཐོབ་ཐང་ལ་བརྩི་མེད་རྡོག་རོལ་གཏོང་སྟངས་དང་། ད་ལྟའི་ཛ་དྲག་གི་གནས་སྟངས་སྐོར་ངོ་སྤྲོད་ཞིབ་ཕྲ་གནང་འདུག དེ་རྗེས་ཡུ་གུར་དང་། ཧོང་ཀོང་། ཆོས་འཁོར་སྒོམ་སྒྲུབ་པ། ཡེ་ཤུའི་ཆོས་པ་སོགས་ནས་སྐུ་ཚབ་རེ་རེས་རྒྱ་ནག་དམར་པོའི་དབང་སྒྱུར་འོག གྲངས་ཉུང་མི་རིགས་དེ་དག་དཀའ་སྡུག་ཇི་ཙམ་མྱངས་དང་མྱོང་བཞིན་པའི་སྐོར་ཨིན་སྐད་ཐོག་ནས་འགྲེལ་བརྗོད་གནང་འདུག
ཁུལ་དེར་བོད་མི་ཚོས་བོད་ནང་དུ་ཕྱི་ལོ་ ༢༠༠༩ ནས་ད་བར་བོད་མི་ ༡༥༤ རང་ལུས་མེར་སྲེག་གནང་བའི་པར་རིས་འགྲེམས་སྟོན་གནང་ཡོད། ཐེངས་འདིར་ཁེན་བྷེ་ར་ས་གནས་བོད་མི་ཚོས་ལྷག་བསམ་ཆེན་པོས་ལས་དགོངས་ཞུས་ནས་ལས་འགུལ་ནང་དུ་མཉམ་ཞུགས་གནང་ཡོད།
སྐད་འབོད་ལ་མཚོན་ན། བོད་མི་ཚོས་བོད་ལ་རང་དབང་དགོས་པ་དང་། ༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་བོད་ལ་གདན་འདྲེན་ཞུ་དགོས་པ། རྒྱ་ནག་གཞུང་གིས་བོད་མིར་དམ་བསྒྲགས་བྱེད་བཞིན་པ་དེ་དག་འཕྲལ་མར་མཚམས་འཇོག་དགོས་པ། བཅས་ཡིན་འདུག ལས་འགུལ་སྤེལ་སའི་ཉེ་འཁྲིས་སུ་གཞུང་ལམ་ཐོག་འགྲུལ་བཞུད་པ་ཚོས་ཀྱང་ལག་པའི་མཐེ་བོང་ནམ་མཁར་སྟེགས་ནས་རྒྱབ་སྐྱོར་དང་གདུང་སེམས་མཉམ་སྐྱེའི་རྣམ་འགྱུར་མངོན་པར་བྱས་འདུག དེ་ཉིན་གྱི་སྐད་འབོད་ཀྱི་ལས་འགུལ་སྐོར་ཁེན་བྷེ་རའི་ས་གནས་ (ABC) རླུང་འཕྲིན་ནང་ཡང་རྒྱང་བསྲིང་གནང་འདུག
ཕྱོགས་མཚུངས་ཨོ་གླིང་གྲོང་ཁྱེར་སིཌ་ནིར་རྒྱ་ནག་གཞུང་ཚབ་ཡན་ལག་གི་མདུན་དུ། ས་གནས་བོད་ཀྱི་གཞོན་ནུའི་ཚོགས་མི་ཁག་གཅིག་གི་གོ་སྒྲིག་འོག བོད་ཀྱི་གྲོགས་པོ་དང་ཡེ་ཤུའི་ཆོས་དཔོན་སྐུ་ཞབས་སྦིལ་ཀུ་རུ་སི་ (Rev Bill Crews) མཆོག་གིས་གཙོས་མི་སྣ་ཁག་འདུ་འཛོམས་ཐོག ཞི་བའི་ངོ་རྒོལ་ལས་འགུལ་ཞིག་ཀྱང་སྤེལ་ཡོད་འདུག་པ་བཅས། །