ཕྱི་ལོ་ ༢༠༡༩ ཟླ་ ༡༢ ཚེས་ ༥ རེས་གཟའ་ཕུར་བུ།
༄༅། །ཕྱི་ལོ་ ༢༠༡༩ ཟླ་ ༡༢ ཚེས་ ༢༨ ནས་ ༢༩ བར་ཉིན་གྲངས་གཉིས་རིང་ཨུ་རུ་སུའི་གྲོང་ཁྱེར་སེན་པི་ཊར་སི་བྷག་ St Petersburg ཏུ་རྟེན་གཞི་བྱས་པའི་ཧར་ཛེན་མངའ་སྡེའི་སློབ་གསོ་རིག་པའི་མཐོ་སློབ་ Herzen State Pedagogical University ཞེས་པའི་བསྟི་གནས་ཁང་དུ། སྤྱི་ཚོགས་དང་ཚོར་ཤེས། བཟང་སྤྱོད་ཀྱི་སློབ་གསོ། ཞེས་ཨིན་སྐད་ཐོག་ SEE Learning ཞེས་པའི་བསླབ་གཞིའམ་ཆོས་ལུགས་ལ་མ་བརྟེན་པའི་བཟང་སྤྱོད་ཨུ་རུ་སུའི་ཤེས་ཡོན་གནས་བབ་འོག་ནས་ཟབ་སྦྱོང་གནང་བ་ཞིག་ཡིན་འདུག
དེ་ཡང་ཟབ་སྦྱོང་དེ་ནི། ༼ དེང་རབས་སྤྱི་ཚོགས་དང་རིག་གཞུང་གི་གནས་བབ་འོག་ཤེས་ཡོན་དང་སྤྱི་ཚོགས་འབྲེལ་འདྲིས་ཡར་རྒྱས། ༽ “Education and socialization in the modern socio-cultural environment” ཞེས་པའི་རྒྱལ་སྤྱིའི་ལྷན་ཚོགས་ཤིག་ཚོགས་འདུག་པ་དེའི་ཆ་ཤས་ཡིན་འདུག
དེ་ཡང་ཟབ་སྦྱོང་གོ་སྒྲིག་ཞུ་མཁན་ལྕམ་སྐུ་མར་ག་རི་ཏ་ཀོ་ཛེབ་ནི་ཀོ་ཝ་ Margarita N. Kozhevnikova ལགས་ཡིན་འདུག ཁོང་ནི་ཧར་ཛེན་མངའ་སྡེའི་སློབ་གསོ་རིག་པའི་མཐོ་སློབ་ཀྱི་སྤྱི་ཚོགས་ཚན་རིག་ཉམས་ཞིབ་ཚན་པའི་འགན་འཛིན་ཡིན་པ་མ་ཟད།
འདི་ལོའི་ཕྱི་ཟླ་ ༧ ནང་བཞུགས་སྒར་༸རྒྱལ་བའི་ཕོ་བྲང་དུ། བོད་མིའི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་དབུ་བཞུགས་ཐོག སྟོང་ལོ་གསུམ་པའི་ནང་འགྲོ་བ་མིའི་ཤེས་ཡོན་ལམ་ལུགས་ཇི་འདྲ་ཞིག་དགོས་མིན་ཐད་རྒྱལ་སྤྱིའི་རང་བཞིན་ལྡན་པའི་གོ་བསྡུར་སྦྱངས་བཤད་གནང་ཡོད། ལས་གཞི་དེ་དག་གི་ལས་འཆར་ཚན་པའི་ཚོགས་མིའི་གྲས་ཡིན་འདུག དེ་ཡང་རུ་སོག་ཆེས་མཐོའི་སྐུ་ཚབ་ཏེ་ལོ་རིན་པོ་ཆེས་སྐུ་ཚབ་དོན་ཁང་གི་ཁྱབ་ཁོངས་རུ་སོག་ནང་སྤྱི་ཚོགས་དང་ཚོར་ཤེས། བཟང་སྤྱོད་ཀྱི་སློབ་གསོའམ་ SEE Learning དར་འཕེལ་ཡོང་ཐབས་ཆེད་རྒྱབ་སྐྱོར་རྒྱ་ཆེ་གནང་མུས་ཡིན་འདུག དེ་ཡང་ཁོང་གིས་གསུང་དོན། རིས་མེད་ཤེས་ཡོན་ལམ་ལུགས་དེར་མཁས་དབང་དང་ཤེས་ཡོན་ཅན། དེ་བཞིན་སློབ་ཕྲུག་ཁྲོད་རྒྱབ་སྐྱོར་དང་དགའ་མོས་ཞུ་བཞིན་འདུག འོན་ཀྱང་དཀའ་ངལ་ཆེ་ཤོས་དེ་ད་ཆ་ལམ་ལུགས་དེ་སློབ་ཚན་སྤྱི་སྒྲོམ་ནང་གཞག་ཐུབ་པ་བྱ་རྒྱུ་དེ་རེད། གལ་ཏེ་བཞག་ཐུབ་ཀྱང་གཙོ་ཆེར་༸རྒྱལ་བའི་བཀའ་དགོངས་ལམ་སྟོན་ལྟར་དེང་རབས་ན་གཞོན་ཚོས་ད་ལྟའི་སྤྱི་ཚོགས་ནང་སེམས་མྱོང་དང་འབྲེལ་བའི་དཀའ་ངལ་རྣམས་ལ་གདོང་ལེན་བྱེད་ཐུབ་པ་ཞིག་ཡོང་མིན་དེ་ཆགས་ཡོད། ཅེས་གསུངས། །