༢༠༡༩ ཟླ་ ༡༢ ཚེས་ ༡༩ རེས་གཟའ་ཕུར་བུ།
༄༅། །འདི་གའི་ཆེད་གཉེར་གསར་འགོད་པ་ཡེ་ཤེས་ཀུན་གྲགས་ལགས་ཀྱིས་ས་གནས་ནས་བཏང་གནས་ནང་འཁོད་དོན། ཕྱི་ལོ་ ༢༠༡༩ ཟླ་ ༡༢ ཚེས་ ༡༩ རེས་གཟའ་ཕུར་བུ་ཉིན་བོད་མིའི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་རྒྱ་གར་ལྷོ་ཕྱོགས་མོན་གྷོ་འདོད་རྒུ་གླིང་བོད་མིའི་གཞིས་ཆགས་སུ་རྟེན་གཞི་བྱས་པའི་དགའ་ལྡན་ཤར་རྩེ་ཐོས་བསམ་ནོར་གླིང་གྲྭ་ཚང་གི་འདུ་ཁང་དུ་རྩོད་རྒྱུགས་ཐོག་ཐུགས་ཞིབ་མཛད་རྗེས་བཀའ་སློབ་སྩལ་ཡོད།
དེ་ཡང་གོང་ཚེས་ཉིན་གྱི་སྔ་དྲོ་ཆུ་ཚོད་ ༨།༣༠ ཙམ་ལ་མགོན་པོ་གང་ཉིད་མཆོག་༸རྒྱལ་བའི་གཟིམ་ཆུང་ཕོ་བྲང་ནས་དགའ་ལྡན་ཤར་རྩེ་ཐོས་བསམ་ནོར་གླིང་གྲྭ་ཚང་གི་འདུ་ཁང་ནང་རྩོད་རྒྱུགས་ཀྱི་ཚོགས་མགོན་དུ་༸ཞབས་སོར་བདེ་བར་འཁོད་གྲུབ་མཚམས་གྲྭ་ཚང་གི་འཛིན་གྲྭ་རིམ་པས་ཕར་ཕྱིན་དང་། བློ་རིག བསྡུས་གྲྭ་སོགས་ཀྱི་རྩོད་རྒྱུགས་སྤྱན་བསྟར་ཞུས་པ་དང་། རྩོད་རྒྱུགས་ཀྱི་ལས་རིམ་ཁག་ལེགས་པར་གྲུབ་རྗེས་མགོན་པོ་གང་ཉིད་མཆོག་གིས་བཀའ་སློབ་སྩལ་དོན།
དེ་རིང་འདིར་ཤར་རྩེ་གྲྭ་ཚང་གི་འདུ་ཁང་ནང་རྩོད་པ་རྩོད་པ་རེད། ཚད་མའི་གཞུང་སྦྱངས་ནས་རྟགས་གསལ་གཏོང་རྒྱུ་འདི་ཕལ་ཆེར་ནང་པའི་ཡུལ་གྲུ་ཁག་སྤྱི་དང་། ལྷག་པར་ལེགས་སྦྱར་གྱི་ཆོས་བརྒྱུད་འཛིན་མཁན་ནང་པའི་ཡུལ་གྲུ་ནང་ནས་བོད་ལ་མ་གཏོགས་མེད་པ་ཞིག་ཕལ་ཆེར་རེད། སྔ་མོ་ཡིན་ན་སོག་པོ་ཡོད་པ་རེད། ང་ཚོས་ལོ་ངོ་བརྒྱ་ཕྲག་ཁ་ཤས་རིང་དགེ་རྒན་གྱིས་དགེ་ཕྲུག་ཚོར་བསླབ་པ་དང་། དེ་ནས་དགེ་ཕྲུག་དེས་ཀྱང་རང་གི་དགེ་ཕྲུག་ལ་བསླབ་ནས་མི་ཐོག་ཁ་ཤས་ཕྱིན་ཡོད། དེར་བརྟེན་ཚད་མ་རིག་པའི་གཞུང་ལ་ང་ཚོས་སྦྱངས་ནས་རྟགས་གསལ་གཏོང་རྒྱུའི་ལམ་སྲོལ་འདི་མི་རབས་ནས་མི་རབས་བརྒྱུད་ནས་ཡོང་བ་དེ་ལྟར་ཡིན་པ་རེད། དེ་ཡང་རིགས་པའི་ལམ་ནས་དངོས་ཡོད་གནས་ཚུལ་གང་ཡིན་པ་ཞིབ་འཇུག་བྱས་ནས་གཏན་ལ་དབབ་རྒྱུར་རྟགས་གསལ་འགྲོ་སྟངས་འདི་ཧ་ཅང་ཡག་པོ་རེད་འདུག ཧ་ལས་པ་རེད་འདུག
ཕྱོགས་གཅིག་ནས་ང་ཚོ་བོད་པའི་རིག་གཞུང་ཞེས་བརྗོད་པ་ཡིན་ནའང་དེའི་ནང་ཚན་ཆགས་ཀྱི་ཡོད། ད་ཆ་ང་ཚོས་རིགས་ལམ་ཐོག་ནས་རྟགས་གསལ་བཏང་ནས་དཔྱད་པ་བྱ་རྒྱུ་འདི་ང་ཚོ་ནམ་རྒྱུན་འཆར་ཅན་དཔེ་ཆའི་ནང་ཡོད་པ་དེ་ཁོ་ནར་མ་བཞག་པར། དེང་སྐབས་འཛམ་གླིང་ནང་ཤེས་ཡོན་གྱི་སྡེ་ཚན་ནང་ཕར་འཁྱེར་ཐུབ་པ་ཞིག་དགོས་རྒྱུ་ཞིག་ཏན་ཏན་རེད་འདུག ད་བར་ཁྱེད་རང་ཚོས་ཧུར་ཐག་བྱས་པ་རེད། སློབ་ཁྲིད་གནང་མཁན་དགེ་རྒན་ཚོར་ཐུགས་རྗེ་ཆེ་ཞུ་རྒྱུ་ཡིན། མཁན་པོ་རིམ་པ་ཕྱིན་ཡོད་པ་རེད། ཚང་མས་ཧུར་ཐག་གནང་བ་ཧ་ཅང་ཡག་པོ་རེད། འདིར་ང་ཚོའི་བཙུན་མའི་དགོན་པ་ཞིག་ཀྱང་ཡོད། ཁོང་ཚོས་རྟགས་གསལ་བཏང་ནས་བཙུན་མའི་དགེ་བཤེས་ཁ་ཤས་ཐོན་ཡོད། དེ་སྔ་དུས་ཚོད་ཡོད་སྐབས་ངོས་རང་དགོན་པ་དེ་དག་ནང་འགྲོ་གི་ཡོད། ད་རེས་དུས་ཚོད་ཕལ་ཆེར་ཁག་པོ་རེད་འདུག གང་ལྟར་བཙུན་མ་ཚོས་རིགས་ལམ་བསླབ་ནས་ཧ་ཅང་ཡག་པོ་བྱུང་འདུག
དགེ་སློང་མའི་སྡོམ་རྒྱུན་ནི་གཞི་ཐམས་ཅད་ཡོད་པར་སྨྲ་བའི་སྡེ་པའི་ལུགས་ལ་མཁན་མོ་ཞིག་དགོས་ཀྱི་ཡོད། མཁན་པོ་དེ་དགེ་སློང་མ་ཆགས་ཀྱི་ཡོད། བོད་ལ་མཁན་ཆེན་ཞི་བ་འཚོས་གཞི་ཐམས་ཅད་ཡོད་པར་སྨྲ་བའི་སྡེ་པའི་ལུགས་ཀྱི་སྡོམ་རྒྱུན་སྤེལ་གནང་བ་རེད། སྐབས་དེར་རྒྱ་གར་ནས་དགེ་སློང་མ་ཕེབས་ཐུབ་མེད་སྟབས། བོད་ལ་མཁན་མོ་བྱུང་མེད། དེར་བརྟེན་བོད་ལ་དགེ་སློང་མའི་སྡོམ་རྒྱུན་བྱུང་མེད། གང་ལྟར་ངོ་ཚོས་སློབ་གཉེར་བྱེད་པར་རབ་བྱུང་ཕོ་མོ་དབྱེ་བ་མེད་པར་ཚང་མས་སློབ་གཉེར་རྒྱག་དགོས་རེད། ཅེས་བོད་ཙམ་དུ་མ་ཟད། བར་སྐབས་ནས་སློབ་གྲྭ་ཁག་གི་ནང་རྟགས་གསལ་གཏོང་རྒྱུ་རིགས་སློབ་དགོས་རེད་ཅེས་སློབ་གྲྭ་ཁག་གི་དགེ་རྒན་ལ་ཆོས་དགེ་ཟེར་རྒྱུའི་ཚབ་ལ་ལྟ་གྲུབ་དགེ་རྒན་ཞེས་མིང་བཏགས་ན་ཡག་པོ་འདུག་ཅེས་བརྗོད་རྒྱུ་བྱུང་། རབ་བྱུང་ཕོ་མོ་སྐྱ་སེར་དབྱེ་བ་མེད་པར་ཚང་མས་རིགས་ལམ་སྦྱང་རྒྱུ་འདི་བྱུང་ན་བསམས་ནས་སློབ་གྲྭའི་ཕྲུ་གུ་ཚོས་རྟགས་གསལ་གཏོང་རྒྱུ་དང་། བཙན་བྱོལ་བོད་མིའི་གཞིས་ཆགས་ཁག་ཁ་ཤས་ལ་སྤོ་ལགས་དང་རྨོ་ལགས་ཁ་ཤས་ཀྱིས་རྟགས་གསལ་བཏང་བ་དེ་འདྲ་བྱས་པ་རེད།
སྤྱིར་ཆོས་ཡོད་མཁན་དང་མེད་མཁན་ཡིན་ནའང་རེད། ཆོས་འདྲ་མིན་ཡོད་མཁན་ཡིན་ནའང་རིགས་ལམ་འགྲོ་སྟངས་འདི་ཕན་ཐོགས་ཡོད་པ་རེད་འདུག དེར་བརྟེན་དེའི་བསྟན་པ་འཛིན་མཁན་ནི་གདན་ས་གསུམ་གཙོ་བོར་གྱུར་པའི་རྩོད་གྲྭ་ཡོད་པའི་གདན་ས་ཁག་དེ་དག་གིས་འགན་གཙོ་བོ་ཁུར་ཡོད། ད་བར་ཚང་མས་ཧུར་ཐག་བྱས་པ་མ་ཟད། ད་དུང་ཡིན་ནའང་ཧུར་ཐག་གནང་ཤོག སྔོན་མ་འབྲས་སྤུངས་ཚོགས་ཆེན་ཐོག་ཡིན་པ་ཡོད། སྐབས་དེར་ཁྲི་ཟུར་བློ་བཟང་ཉི་མ་མཆོག་ཡོད་པ་རེད། ངོས་ཀྱིས་བཙུན་མ་ཚོས་དཔེ་ཆ་བལྟས་ནས་དགེ་བཤེས་མ་ཐོན་དགོས། ཞེས་བསམ་འཆར་བཏོན་པ་རེད། སྐབས་དེར་བློ་བཟང་ཉི་མ་མཆོག་གིས་བཙུན་མའི་དགེ་བཤེས་ག་འདྲ་བྱེད་ཡོང་ཞེས་དེ་ལྟར་གསུང་པ་རེད། ངོས་ཀྱིས་སངས་རྒྱས་བཅོམ་ལྡན་འདས་ཀྱིས་དགེ་སློང་མ་གནང་འདུག ང་ཚོས་བཙུན་མའི་དགེ་བཤེས་ངེས་པར་ཡོང་ཆོག་གི་རེད། ཅེས་ཞུ་རྒྱུ་བྱུང་།
སྐབས་དེ་དུས་ནས་ང་ཚོ་རྒྱ་གར་ནང་ཡོད་པའི་སློབ་གྲྭ་ཁག་གིས་གཙོས་ཚང་མས་རིགས་ལམ་ལ་དོ་སྣང་བྱེད་དགོས་འདུག་ཅེས་ཞུས་པ་རེད། སྐྱབས་རྗེ་ཕ་བོང་ཁ་རིན་པོ་ཆེ་མཆོག་གིས་བསླབ་བྱ་ཞིག་གི་ནང་། རྟོག་གེ་མགོ་མཁྲེགས་ལ་སྐྱེས་ན། །སངས་རྒྱས་དངོས་ཀྱིས་ཀྱང་འདུལ་དཀའ། ཞེས་པ་ཞིག་འདུག
འདིར་སྐྱོན་ཁྱོན་ནས་མེད། རྣམ་དཔྱོད་ལྡན་པའི་ཐོག་ནས་སངས་རྒྱས་ཀྱིས་ཆོས་ལ་ཇི་ཙམ་དཔྱད་པ་བྱས་པ་དེ་ཚོད་ཀྱིས་ངེས་རྙེད་རྒྱུ་ཤུགས་ཆེན་པོ་ཡོད། སངས་རྒྱས་བཅོམ་ལྡན་འདས་ཀྱིས་རིགས་པ་དང་མི་ལྡན་པ་ཞིག་གསུང་ན་ཀླུ་སྒྲུབ་ཡབ་སྲས་ལ་སོགས་པ་དེ་དག་གིས་འདི་དྲང་དོན་གྱི་མདོ་རེད། སྒྲ་ཇི་བཞིན་པར་ཁས་བླངས་ན་རུང་གི་མ་རེད། ཅེས་དབུ་སེམས་ཀྱི་མཁས་པ་ཚོས་བཅོམ་ལྡན་འདས་ཀྱིས་བཀའ་ལ་དྲང་ངེས་གཉིས་ཕྱེ་ཡོང་གི་ཡོད་པ་རེད། བཅོམ་ལྡན་འདས་རང་གི་བཀའ་ལའང་རིགས་པས་གནོད་པ་འདུག་ན་དེ་ཁས་བླངས་པ་དེ་མ་འགྲིག་པ་ཞིག་ཆགས་ཡོང་གི་ཡོད། དེར་བརྟེན་སངས་རྒྱས་བཅོམ་ལྡན་འདས་རང་ཉིད་ཀྱིས། །དགེ་སློང་དག་གམ་མཁས་རྣམས་ཀྱིས།། བསྲེགས་བཅད་བརྡར་བའི་གསེར་བཞིན་དུ།། ལེགས་པར་བརྟགས་ལ་ང་ཡི་བཀའ།། བླང་བར་བྱ་ཡི་གུས་ཕྱིར་མིན། །ཞེས་གསུངས་ཡོད།
བདེན་བཞིའི་རྩ་བ་འཇོག་ས་དེ་བདེན་གཉིས་དང་། བདེན་གཉིས་ཀྱི་དོན་དམ་བདེན་པ་ཟེར་བ་ང་རང་ཚོ་ལ་སྣང་བ་དེ་ནང་བཞིན་དོན་ལ་མེད་པ་ཞིག་སྣང་གནས་མི་མཐུན་པ་དེ་ལྟ་བུའི་ཐོག་ནས་ལས་དང་ཉོན་མོངས་ཟད་པས་མཐར། ལས་དང་ཉོན་མོངས་དེ་ཚུལ་མིན་ཡེ་ཤེས་ཀྱི་རྣམ་རྟོག་ལས་བྱུང་བ་རེད། དེ་དག་སྤྲོས་ལས་སྤྲོས་པ་ནི། །སྟོང་བ་ཉིད་ཀྱིས་འགག་པར་འགྱུར། །ཞེས་གསུངས་པ་ནང་བཞིན། གང་ལྟར་ཉོན་མོངས་དེ་བདེན་འཛིན་དང་འབྲེལ་བ་ཡོང་གི་ཡོད་པ་རེད། བདེན་འཛིན་ཟེར་བ་དེ་ང་རང་ཚོ་ལ་སྣང་བསྡད་དེ། བདེན་འཛིན་གྱིས་ལག་པ་འཆང་ས་ང་རང་ཚོ་ལ་ཆོས་གང་སྣང་ན། ཐལ་འགྱུར་བ་གཞིར་བཞག་བྱས་ཐ་སྙད་དུ་རང་མཚན་མི་བཞེད་མཁན་དེ། གང་སྣང་བ་དེ་དག་སྣང་བ་ལྟར་དུ་དོན་དམ་དུ་ཡོད་པ་རེད། ཞེས་དེ་ལྟར་བྱས་ནས་དེ་ལ་བརྟེན་ནས་ཚུལ་མིན་ཡེ་ཤེས་ཀྱིས་རྣམ་རྟོག་ཡོང་གི་ཡོད།
དེང་སྐབས་ཚད་རྡུལ་དངོས་ཁམས་རིག་པ་ཞེས་རྒྱ་ནག་ནང་གི་སློབ་ཕྲུག་དེ་འདྲ་ལ་ཚོར་བ་དེ་འདྲ་སླེབ་བཞིན་འདུག དེ་འདྲའི་རྩོམ་ཡིག་བྲིས་ཡོད་པ་ངོས་ཀྱི་ཐོས་སོང་། ཚད་རྡུལ་དངོས་ཁམས་རིག་པར་སློབ་སྦྱོང་བྱས་ཡོད་པ་དེ་ལ་སྣང་བ་ལྟར་དུ་གྲུབ་མེད་པ་ཨ་འཐས་ཀྱི་འཛིན་པ་ཤུགས་ཆུང་རུ་འགྲོ་གི་འདུག་ཅེས་ཆོས་ཕྱོགས་ཀྱི་སྐད་ཆ་མ་རེད། དེང་སྐབས་ཚད་རྡུལ་དངོས་ཁམས་རིག་པའི་སློབ་ཕྲུག་དེ་འདྲས་དོ་སྣང་བྱུང་འདུག བཅོམ་ལྡན་འདས་དང་ཀླུ་སྒྲུབ་ཡབ་སྲས་ཀྱིས་དངོས་གནས་དྲང་གནས། འདོད་ཆགས་ཞེ་སྡང་གཏི་མུག་གསུམ། །རྣམ་པར་རྟོག་ལས་འབྱུང་བར་གསུངས། །ཞེས་གསུངས་པ་དེ། གང་ལྟར་ཉོན་མོངས་དེ་དག་ཚུལ་མིན་ཡེ་ཤེས་ཀྱི་རྣམ་རྟོག་ལས་ཡོང་གི་ཡོད་སྟབས། དེ་སེལ་བར་རིགས་པའི་ལམ་ནས་སེལ་དགོས། སངས་རྒྱས་ཀྱི་ཆོས་ལ་བློ་གཟུ་བོར་གནས་པའི་ཐོག་ནས་ཇི་ཙམ་དཔྱད་པ་བྱས་པའི་ཚོད་ཀྱིས་རང་བཞིན་མེད་པ་ཟེར་བ་དེ་རིགས་པའི་ལམ་ནས་སྒྲུབ་ཐུབ་པ་ཏན་ཏན་རེད།
བྱང་ཆུབ་ཀྱི་སེམས་ཟེར་རྒྱུ་དེ་གོང་དུ་ཁྱེད་ཚོས་རྟགས་གསལ་བཏང་སོང་། ངོས་ཀྱིས་འདི་དྲན་སོང་། རང་གཅེས་འཛིན་དང་གཞན་གཅེས་འཛིན་དེ་སྤྱོད་འཇུག་ནང་། བདག་བདེ་གཞན་གྱི་སྡུག་བསྔལ་དག །ཡང་དག་བརྗེ་བར་མ་བྱས་ན། །སངས་རྒྱས་ཉིད་དུ་མི་འགྲུབ་ཅིང་། །འཁོར་བ་ན་ཡང་བདེ་བ་མེད། །ཞེས་བཤད་འདུག འཛམ་གླིང་འདིའི་སྟེང་རྙོགས་དྲ་ཚང་མ་གཞན་གཅེས་འཛིན་ཉུང་དྲགས་པ་དང་རང་གཅེས་འཛིན་ཤུགས་ཆེན་པོ་བྱས་ནས་འཛམ་གླིང་གི་རྙོགས་དྲ་ཚང་མ་དེས་བཟོས་འདུག དེར་བརྟེན་བདག་བདེ་གཞན་གྱི་སྡུག་བསྔལ་དག །ཡང་དག་བརྗེ་བར་མ་བྱས་ན། །སངས་རྒྱས་གོ་འཕོང་སྐད་ཆ་སྐད་དགོས་མ་རེད། གང་ལྟར་འཛམ་བུ་གླིང་ལ་ཆ་བཞག་ནའང་རང་གཅེས་འཛིན་གྱི་གཞན་དབང་ལ་བཏང་། ཆགས་སྡང་གི་གཞན་དབང་ལ་བཏང་ནས། འཛམ་གླིང་འདིའི་སྟེང་གི་སེམས་ཅན་ཚང་མ་སྡུག་བསྔལ་མི་འདོད་པ་དང་བདེ་བ་འདོད་པ་ཤ་སྟག་རེད། མིའི་རང་བཞིན་ལྷན་སྐྱེས་སྤྱི་ཚོགས་ལ་བརྟེན་པ་ཡིན་སྟབས། བརྩེ་བ་ཆུང་ཆུང་སྐབས་ནས་ཡོད་པ་རེད། འདི་སློབ་སྦྱོང་གི་སྟེང་ནས་ཤུགས་བརྒྱབ་སྟེ་ཆོས་རབ་ཏུ་རྣམ་འབྱེད་ཀྱི་ཤེས་རབ་ཕྲུ་གུ་ཚོ་ལ་ཡར་རིམ་པས་རྣམ་དཔྱོད་འཕེལ་ཡོང་དུས། རང་གཅེས་འཛིན་གྱི་སྐྱོན་ཡིན་པ་དང་གཞན་གཅེས་འཛིན་ཡོན་ཏན་ཡིན་པ་དེ་དག་སློབ་སྦྱོང་སྤྲོད་ཐུབ་པ་བྱུང་ན་འཛམ་གླིང་ཞི་བདེ་ཡོང་གི་རེད། གཞན་འཛམ་བུ་གླིང་ཞི་བདེ་ཡོང་བར་ཤོག་ཅེས་སྨོན་ལམ་བརྒྱབ་ནས་ཕན་ཐོགས་རྒྱུ་ཁྱོན་ནས་ཡོད་མ་རེད། གང་ལྟར་ང་ཚོ་ཚང་མས་ཁ་ཡོད་ལག་ཡོད་ཀྱིས་འཛམ་བུ་གླིང་འདིར་བདེ་སྐྱིད་འདོད་ཀྱི་ཡོད་པ་རེད། དེ་རྩད་གཅོད་བྱས་དགོས་། རྩད་གཅོད་བྱས་ཡོང་དུས། བླ་མ་མཆོད་པའི་ནང་ལ། རང་ཉིད་གཅེས་འཛིན་རྒུད་པ་ཀུན་གྱི་སྒོ། །མ་རྣམས་གཅེས་འཛིན་ཡོན་ཏན་ཀུན་གྱི་གཞི། །ཞེས་གསུངས་པ་དང་། སྤྱོད་འཇུག་ནས་གོང་དུ་ཞུས་པ་ནང་བཞིན་རེད། འཇིག་རྟེན་སྡུག་བསྔལ་ཇི་སྙིད་པ། །དེ་ཀུན་རང་བདེ་འདོད་ལས་བྱུང་། །འཇིག་རྟེན་བདེ་བ་ཇི་སྙེད་པ། །དེ་ཀུན་གཞན་བདེ་འདོད་ལས་བྱུང་། །ཞེས་གསུངས་པ་ལྟར། རང་གཅེས་པར་འཛིན་པ་དེས་འཛམ་གླིང་འཕུང་ཡོང་གི་ཡོད་པ་གསལ་པོ་རེད། མཁྱེན་སོང་ངམ།
ཆོས་ཀྱི་སྐད་ཆ་མ་རེད། དངོས་ཡོད་གནས་ཚུལ་ལ་འཛམ་གླིང་འདིའི་སྟེང་ཞི་བདེ་དགོས་ན་གཞན་གཅེས་འཛིན་དེ་སྤེལ་དགོས། ཇི་ཙམ་གྱིས་རང་གཅེས་འཛིན་ཁོ་ནར་བསམ་བློ་བཏང་བ་ཡིན་ན་སོ་སོ་འཕུང་ཡོང་བསམ་ནས་འཇིགས་སྣང་། ང་རྒྱལ། ཕྲག་དོག འགྲན་སེམས་སོགས་འཕུང་བྱེད་ཀྱི་བློ་མང་པོ་ཞིག་རང་གཅེས་འཛིན་གྱི་ཐོག་ནས་ཡོང་བཞིན་ཡོད། དེར་བརྟེན་རང་ཉིད་གཅེས་འཛིན་རྒུད་པ་ཀུན་གྱི་སྒོ། །ཞེས་སྤྱོད་འཇུག་ནས་གསུངས་པ་དེ་ལྟར་རེད། སྤྱོད་འཇུག་ལས། འཇིག་རྟེན་སྡུག་བསྔལ་ཇི་སྙིད་པ། །དེ་ཀུན་རང་བདེ་འདོད་ལས་བྱུང་། །འཇིག་རྟེན་བདེ་བ་ཇི་སྙིད་པ། །དེ་ཀུན་གཞན་བདེ་འདོད་ལས་བྱུང་། །ཞེས་གསུངས་པ་དེ་རེད། སེམས་པ་བཟང་བོ་བྱེད་རྒྱུ་དེ་དང་། དེ་འདྲའི་སེམས་པ་བཟང་པོ་བྱེད་རྒྱུ་ནི་དད་པ་གཅིག་པོས་ཡིད་ཆེས་བྱས་པ་མ་ཡིན་པར། སེམས་པ་བཟང་བོ་བྱུང་ན་འཕྲལ་དུ་བདེ་བ། ཕུགས་ལ་ཕན་པ། རིམ་པས་བློ་ལ་འགྱུར་བ་ཐེབས་ཐུབ་པ་ཞིག་དང་། རང་གཅེས་འཛིན་ཤུགས་ཆུང་རུ་གཏོང་ཐུབ་པ་ཞིག་དང་། དེའི་ཐོག་ལ་སྟོང་ཉིད་ཀྱི་ལྟ་བ་སྣོན་པ་བརྒྱབ་ཡོང་དུས་དངོས་གནས་དྲང་གནས་ཧ་ལས་པ་ཞིག་རེད་འདུག
སྤྱིར་སངས་རྒྱས་པའི་ཆོས་དང་། ཡང་སྒོས་དཔལ་ནཱ་ལེནྜའི་ལེགས་སྦྱར་ཀྱི་ཆོས་བརྒྱུད་དེ་ཧ་ལས་པ་རེད། ཆོས་དད་མེད་མཁན་ཚོ་ལ་ཡིན་ནའང་དེའི་སློབ་སྦྱོང་སྤྲོད་དགོས་པ་ཞིག་ཏན་ཏན་རེད། དེ་འདྲ་ཞིག་གི་ཐོག་ནས་འཛམ་གླིང་འདིའི་སྟེང་དངོས་གནས་བདེ་སྐྱིད་ལྡན་པའི་འཛམ་གླིང་ཞིག་ཆགས་ཐུབ་པའི་རེ་བ་ཡོད་པ་རེད། ཁྱེད་རང་ཚོ་དེ་དག་ནི་འདི་སྒྲུབ་མཁན་གྱི་ས་བོན་ལྟ་བུ་རེད། ལྷག་དོན་ཁྱེད་རང་ཚོ་ཕྲུ་གུ་ཚོས་རྟགས་གསལ་གཏོང་དུས་ཧ་ཅང་ཡག་པོ་འདུག མུ་འཐུད་དེ་མི་རབས་ནས་མི་རབས་སྤྱིར་སངས་རྒྱས་ཀྱི་བསྟན་པ། ཡང་སྒོས་འཇམ་མགོན་བླ་མའི་བསྟན་པ་ཆ་བཞག་ན་ལོ་དྲུག་བརྒྱ་གོང་ནས་ང་ཚོའི་གདན་ས་ཆེ་གྲས་དེ་དག་གིས་བཟུང་ནས་བསྡད་པ་རེད། ད་དུང་ཡིན་ནའང་ལོ་བརྒྱ་ཕྲག་ཁ་ཤས་ལ་བསྟན་པ་གནས་ཐུབ་པ་དེ་སློབ་གཉེར་ལ་རག་ལས་པ་རེད། སློབ་གཉེར་མེད་ན་དད་པ་གཅིག་པོས་ཡུན་རིང་བསྟན་པ་གནས་ཐུབ་རྒྱུ་ཁག་པོ་རེད། ཁྱེད་རང་ཚོ་ཚང་མས་ད་ལྟ་བར་དུ་ཧར་ཐག་གནང་བ་རེད། ཐུགས་རྗེ་ཆེ་ཞུ་རྒྱུ་ཡིན། ད་དུང་ཡིན་ནའང་ཚང་མས་ཧུར་བསྐྱེད་གནང་ཤོག་ཨང་། མཁྱེན་སོང་ངམ། བཀྲ་ཤིས་བདེ་ལེགས། ཞེས་བཀའ་སློབསྩལ། །