ཕྱི་ལོ་ ༢༠༡༩ ཟླ་ ༡༢ ཚེས་ ༩ རེས་གཟའ་ཟླ་བ།
༄༅། །བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་བློ་བཟང་སེངྒེ་མཆོག་གིས་རྡ་ས་གངས་སྐྱིད་བཀའ་ཤག་གི་ཚོགས་ཁང་ནང་དུ། རྒྱ་གར་ལྷོ་ཕྱོགས་བྷེང་ལོར་ནང་རྟེན་གཞི་བྱས་པའི་ཤྲིཤི་ཊི་སྒྱུ་རྩལ་Shrishti Institute of Art, Design and Technology སློབ་གཉེར་ཁང་གི་སློབ་ཕྲུག་ཁག་གཅིག་ལ་བོད་དོན་ངོ་སྤྲོད་གནང་འདུག སྐབས་དེར་སློབ་ཕྲུག་གཅིག་གིས་དེང་སྐབས་རྒྱ་ནག་ནི་རྒྱལ་སྤྱིའི་སྡིངས་ཆེའི་སྟེང་སྟོབས་ཆེན་རྒྱལ་ཁབ་ཅིག་ཡིན་པ་མ་ཟད། འཛམ་གླིང་མཉམ་འབྲེལ་རྒྱལ་ཚོགས་ཀྱི་ཚོགས་མིའི་རྒྱལ་ཁབ་ཁོངས་ནས་ཤུགས་རྐྱེན་ཧ་ཅང་ཡོད་མཁན་ཞིག་ཡིན་པར་བརྟེན་བོད་མི་ཚོར་བོད་རང་བཙན་བསྐྱར་གསོ་ཐུབ་རྒྱུའི་རེ་བ་ཡོད་དམ། ཞེས་དྲིས་པར་སྲིད་སྐྱོང་མཆོག་གིས་ལན་འདེབས་གནང་དོན།
ལྟ་གྲུབ་ཐོག་ནས་དེ་ལྟར་བསྒྲུབ་ཐུབ། གང་ཡིན་བརྗོད་ན་རྒྱ་གར་ཨིན་ཇི་བཙན་རྒྱལ་རིང་ལུགས་འོག་ནས་ལོ་ངོ་ ༢༠༠ ལྷག་གནས་ཡོད་ཀྱང་མཐར་རང་བཙན་ཐོབ་ཐུབ་པ་བྱུང་ཡོད། སྐབས་དེར་ཨིན་ཇིར་མཚོན་ན་འཛམ་གླིང་ནང་གི་སྟོབས་ཆེན་རྒྱལ་ཁབ་ཆགས་ཡོད། བཤད་སྲོལ་དུ། ཨིན་ཇིའི་མངའ་དབང་གི་ཁྱབ་པའི་ས་ཆར་ཉི་མ་ནུབ་པ་མེད། ཅེས་བཤད་སྲོལ་ཡོད། འོན་ཀྱང་རིམ་བཞིན་བཙན་རྒྱལ་རིང་ལུགས་མཇུག་བསྒྲིལ་བ་རེད། རང་དབང་གི་འཐབ་རྩོད་ལས་འགུལ་ལ་རྒྱལ་ཁ་ཐོབ་པའི་དཔེ་མཚོན་གཞན་ཧ་ཅང་མང་པོ་གཞག་རྒྱུ་ཡོད། དབང་ཆའི་འཐབ་རྩོད་ལ་རྟག་བརྟན་གང་ཡང་མེད། ཧིན་དུའི་ཆོས་དང་། ནང་པའི་ཆོས་ནས་མི་རྟག་པ་ནི་འཁོར་བའི་ཆོས་ཉིད་ཡིན་པ་གསུང་ཡོད། དེ་ཧ་ཅང་བདེན་པ་རེད་འདུག འཁོར་བའི་ཆོས་ཉིད་ལ་ངེས་བརྟན་གང་ཡང་མེད། བོད་མི་ཚོར་ཡང་བདེན་མཐའ་གསལ་བའི་ཉིན་མོ་ཞིག་ཡོང་རྒྱུ་ངེས་པ་རེད།
རྒྱ་ནག་དེ་བཞིན་སྟོབས་ཆེན་རྒྱལ་ཁབ་རེད། སྟོབས་ཤུགས་ཇེ་ཆེར་འགྲོ་བཞིན་ཡོད། འདས་པའི་ལོ་ངོ་ ༣༠ ནང་རྒྱ་ནག་ནང་འགྱུར་བ་འགྲོ་སྟངས་དེར་གཟིགས་དང་། ཐོག་མའི་ལོ་ངོ་བཅུ་ཚན་དང་པོའི་སྐབས་རྒྱ་ནག་སྟོབས་ཆེན་རྒྱལ་ཁབ་མིན་ཡང་། དེ་ནས་བཅུ་ཚན་གཉིས་པ་དང་གསུམ་པའི་སྐབས་སྟོབས་ཤུགས་རྒྱས་ནས་ད་ཆ་འཛམ་གླིང་ས་གནས་གང་སར་དཔལ་འབྱོར་དང་དྲག་པོའི་སྟོབས་ཤུགས་ཀྱིས་སྡིགས་སྐུལ་བྱེད་བཞིན་པ་དེ་ལྟར་རེད། དེར་བརྟེན་ད་ཆ་འཛམ་གླིང་རྒྱལ་ཁབ་མང་པོ་ཞིག་གིས་རྒྱ་ནག་གིས་དངོས་ཤུགས་བརྒྱུད་ནས་འཇིགས་སྐུལ་དང་གནོན་ཤུགས་སྤྲད་པ་དེར་ཡིད་ཐང་ཆད་ནས་དོགས་ཟོན་དང་འཛེམ་ཟོན་བྱེད་དགོས་པ་ཞིག་ཆགས་ཡོད། ང་རང་རྒྱལ་ཁབ་འདྲ་མིན་ནང་འགྲོ་མྱོང་ཡོད། ས་ཁུལ་དེ་དག་ནང་དུའང་དཔལ་འབྱོར་དང་དམག་དོན། ཆབ་སྲིད་སོགས་ཀྱི་ཐོག་རྒྱ་ནག་དང་འབྲེལ་ལམ་ཇི་འདྲ་ཞིག་འཛུགས་སྐབས་རྒྱལ་ཁབ་དེ་དག་གིས་རྒྱ་ནག་གཞུང་གི་ཕུགས་ཀྱི་དམིགས་ཡུལ་ལ་དོགས་ཟོན་ཧ་ཅང་ཆེན་པོ་བྱེད་བཞིན་པ་མཐོང་བྱུང་། ཞེས་ལན་འདེབས་གནང་འདུག
གཞན་ཡང་སློབ་ཕྲུག་གཞན་ཞིག་གིས་དེང་སྐབས་རྒྱ་ནག་གིས་འཛམ་གླིང་ནང་སྟོབས་ཤུགས་ཇི་ལྟར་ངོམ་བཞིན་པའི་སྐོར་གསལ་བཤད་གནང་རོགས་ཞུས་པར་སྲིད་སྐྱོང་མཆོག་གིས། ཡོངས་གྲགས་དེ་ཙམ་མིན་པའི་ཨིན་ཇིའི་དབང་འོག་ཏུ་ཡོད་པའི་རྒྱ་གར་དང་བོད་དབར་དེ་སྔ་ཕྱི་ལོ་ ༡༩༡༤ ལོར་སིམ་ལར་ཆིངས་ཡིག་བཞག་ཡོད། ཤིང་སྟག་སིམ་ལའི་ཆིངས་ཡིག་ཞུ་བ་རེད། སྐབས་དེར་ཨིན་ཇིའི་རྒྱ་གར་སྲིད་གཞུང་དང་བོད་དབར་ས་མཚམས་རྒྱས་བཅད་ཀྱིས་ས་ཐིག་དེར་མེག་མོ་ཧན་ས་ཐིག་ McMahon line ཅེས་གྲགས་པ་དེར་བོད་གཞུང་གིས་ཁྲིམས་མཐུན་ངོས་འཛིན་ཞུས་ཡོད། དེ་ནས་ལོ་བཅུ་རེའི་མཚམས་སུ་ཆིངས་ཡིག་བསྐྱར་གསོ་གནང་སྲོལ་ཡོད་སྟབས། ཕྱི་ལོ་ ༡༩༤༧ ལོར་རྒྱ་གར་ཨིན་ཇིའི་དབང་འོག་ནས་རང་བཙན་ཐོབ་པ་དང་། ཕྱི་ལོ་ ༡༩༥༤ ལོར་རྒྱ་དཀར་ནག་གཉིས་དབར་དེ་སྔ་ ༡༩༡༤ ལོར་བཞག་པའི་ཆིངས་ཡིག་དེར་བསྐྱར་གསོ་བྱས་ཡོད།
དེ་སྔ་བོད་རང་བཙན་ཡིན་སྐབས་བོད་གཞུང་དང་འབྲེལ་བ་གནང་སྲོལ་ཡོད་ཀྱང་སྐབས་དེར་རྒྱ་གར་གཞུང་གིས་རྒྱ་ནག་དང་ཆིངས་ཡིག་དེ་བསྐྱར་གསོ་གནང་ནས་བསླབ་པ་ལྔའི་གྲོས་མཐུན་ནམ་ཧིན་སྐད་དུ་པན་ཆ་ཤཱི་ལ་Panchsheel agreement ཞེས་བཞག་པ་རེད། འོན་ཀྱང་རྒྱ་ནག་གཞུང་གིས་བསླབ་པ་ལྔའི་འབྲུ་དོན་བརྡལ་བཤིག་བཏང་བར་བརྟེན་ནས་དེང་སྐབས་རྒྱ་དཀར་ནག་གཉིས་ཀྱི་ས་མཚམས་ལ་རྩོད་རྙོག་མུ་མཐུད་ཡོང་བཞིན་པ་དེ་ལྟར་ཡིན།
དེ་ནས་རྒྱ་གར་གཞུང་གིས་ལོ་ངོ་ ༢༠ རིང་ཆིངས་ཡིག་དེར་བསྐྱར་ཞིབ་གང་ཡང་མི་དགོས་པའི་རེ་འདུན་བཏོན་ཡོད་ཀྱང་རྒྱ་ནག་གཞུང་གིས་ལོ་ངོ་བརྒྱད་མ་གཏོགས་ཁས་ལེན་མ་བྱས་པ་རེད། དུས་སྐབས་དེའི་རིང་རྒྱ་ནག་གཞུང་གིས་རྒྱ་གར་ས་ཐོག་ཏུ་བཙན་འཛུལ་བྱེད་རྒྱུའི་སྲིད་བྱུས་བང་བསྒྲིགས་པར་བརྟེན་ཕྱི་ལོ་ ༡༩༦༢ ལོར་རྒྱ་དཀར་ནག་གཉིས་དབར་དམག་འཁྲུག་བྱུང་ཡོད། དེ་རྗེས་རྒྱ་ནག་གིས་རྒྱ་གར་ས་ཐོག་ཏུ་བཙན་འཛུལ་ཐེངས་མང་བྱས་པ་མ་ཚད། ཕྱི་ལོ་ ༢༠༡༤ ལོར་རྒྱ་མིའི་དམག་མིས་རྒྱ་གར་ས་ཐོག་ཏུ་ཐེངས་ ༤༠༠ བཙན་འཛུལ་བྱས་པ་དེ་འདྲ་བྱུང་ཡོད། ཅེས་སོགས་ལན་འདེབས་གནང་བ་མ་ཟད།
ད་ཆ་རྒྱ་གར་ཧིན་དུའི་ཆོས་པ་ཚོས་བོད་ནང་གནས་མཇལ་དུ་ཕེབས་པར་རྒྱ་ནག་གཞུང་ནས་ཆོག་མཆན་ཞུ་དགོས་པ་ཆགས་ཡོད། དེ་སྔ་བོད་རང་བཙན་ཡིན་སྐབས་རྒྱ་གར་གནས་མཇལ་བ་སུ་འདྲ་ཞིག་ཡིན་ཡང་བོད་ནང་གི་ཧིན་དུའི་གནས་ཆེན་གངས་ཏི་སེ་དང་། མཚོ་མ་ཕམ་སོགས་སུ་གནས་མཇལ་ཆེད་ཆོག་མཆན་རྩ་བ་ཉིད་ནས་ཞུ་དགོས་པ་མ་རེད། ཅེས་ལན་འདེབས་གནང་འདུག
ཕྱོགས་མཚུངས་རྒྱ་ནག་གཞུང་གིས་དེང་སྐབས་བོད་ཀྱི་གཙང་པོ་ཁག་ལ་ཆུ་མཛོད་ཚད་མེད་བརྒྱབ་པ་དང་། གཙང་པོ་ཁ་སྒྱུར་བྱས་པ་སོགས་ལ་བརྟེན། བོད་ཀྱི་ཁྱིམ་མཚེས་རྒྱལ་ཁབ་ཁག་ལ་འཐུང་ཆུའི་དཀའ་ངལ་འཕྲད་བཞིན་པ་དང་། གཞན་ཡང་སྲིད་སྐྱོང་མཆོག་གིས་སློབ་ཕྲུག་ཚོར་བོད་ཀྱི་ལོ་རྒྱུས་སྐོར་དཔེ་དེབ་མང་ཙམ་བཀླག་དགོས་པ་དང་། བོད་དེ་བོད་མི་ས་ཡ་དྲུག་ཙམ་མ་ཟད། རྒྱ་གར་སོགས་རྒྱལ་ཁབ་མང་པོ་ཞིག་ལ་གལ་གནད་ཆེན་པོ་ཇི་ཙམ་ཆགས་ཡོད་པ་གསལ་རྟོགས་ཐུབ་ངེས་ཡིན་སྐོར་གསུངས།