༢༠༡༩ ཟླ་ ༡༢ ཚེས་ ༢༧ རེས་གཟའ་པ་སངས།
༄༅། །བོད་མིའི་སྒྲིག་འཛུགས་ཀྱི་ལས་བྱེད་འདེམས་བསྐོ་ལྷན་ཁང་གི་གོ་སྒྲིག་འོག་སྲི་ཞུའི་ལས་བྱེད་གསར་འདེམས་བྱུང་བའི་སྡེ་ཚན་འགན་འཛིན་དང་། ལས་དོ། ལས་དྲུང་། རྒན་དྲུང་། གཞོན་དྲུང་བཅས་ཁྱོན་མི་གྲངས་ ༢༣ ལ་ཕྱི་ལོ་ ༢༠༡༩ ཟླ་ ༡༢ ཚེས་ ༡༦ ནས་ ༢༧ བར་རྒྱ་གར་གྱི་རྒྱལ་ས་ལྡི་ལིར་རྟེན་གཞི་བྱས་པའི་རྒྱ་གར་གཞུང་གི་འཛིན་སྐྱོང་སྦྱོང་བརྡར་བསྟི་གནས་ཁང་ Indian Institute of Public Administration དུ་ཟབ་སྦྱོང་གནང་བ་ད་ཆ་ལེགས་གྲུབ་བྱུང་ཡོད་འདུག དེ་ཡང་མཇུག་སྡོམ་མཛད་སྒོར་རྒྱ་གར་འཛིན་སྐྱོང་སྦྱོང་བརྡར་བསྟི་གནས་ཁང་གི་འགན་འཛིན་སྐུ་ཞབས་S.N Tripathi ལགས་དང་། འདེམས་ལྷན་གྱི་དྲུང་ཆེ་ཚེ་རིང་དབྱངས་སྐྱིད་ལགས། ལས་འཆར་འགན་འཛིན་སྐུ་ཞབས་སུར་བྷི་པན་ཌེ་ Dr. Surbhi Pandey ལགས་བཅས་ཕེབས་ཡོད།
སྐབས་དེར་ཚོགས་བཅར་བ་ཚོས་འགོ་ཁྲིད་ཀྱི་ནུས་པ་སྐྱེད་སྲིང་དང་། མཉམ་རུབ་ཀྱིས་ལས་དོན་སྤེལ་ཕྱོགས། སེམས་མྱོང་དང་འབྲེལ་བའི་བློ་གྲོས་འཕེལ་སྟངས། གསར་གཏོད་རིག་པ་དང་། དཀའ་སེལ་ཐབས་ལམ་སོགས་བརྗོད་གཞི་འདྲ་མིན་ཐོག་གཏམ་བཤད་བྱས་འདུག རྒྱ་གར་འཛིན་སྐྱོང་སྦྱོང་བརྡར་བསྟི་གནས་ཁང་གི་འགན་འཛིན་སྐུ་ཞབས་S.N Tripathi ལགས་ཀྱིས་སྲི་ཞུའི་ལས་བྱེད་གསར་པ་ཚོར་ལས་དོན་གང་ཅིར་ལྷག་བསམ་རྣམ་དག་ཐོག་ནས་བསྒྲུབ་དགོས་པ་དང་། ཟབ་སྦྱོང་སྐབས་འཛིན་སྐྱོང་དང་འབྲེལ་བའི་གནས་ཚུལ་གང་ཤེས་པ་དེ་དག་ལས་དོན་ཐོག་ལག་བསྟར་གང་ཐུབ་ཡོང་ཐབས་དགོས་གལ་ཆེ་སྐོར་སོགས་གསུངས།
ཕྱོགས་མཚུངས་ལས་བྱེད་འདེམས་བསྐོ་ལྷན་ཁང་གི་དྲུང་ཆེ་ཚེ་རིང་དབྱངས་སྐྱིད་ལགས་ཀྱིས་ཚོགས་བཅར་བའི་གཏམ་བཤད་ལ་བསྔགས་བརྗོད་གནང་བ་དང་སྦྲགས། ཐེངས་འདིར་བོད་མིའི་སྒྲིག་འཛུགས་ཀྱི་མཐུན་འགྱུར་གནང་བ་དེ་དག་ཆུད་ཟོས་སུ་མ་སོང་བ་ཞིག་བྱུང་འདུག་མཉམ་པའི་ཚོར་སྣང་བྱུང་སྐོར་དང་། ལྷག་པར་སྦྱོང་བརྡར་བསྟི་གནས་ཁང་གི་བདུན་ཕྲག་གཉིས་རིང་གང་ས་ཅི་ཐད་ནས་མཐུན་འགྱུར་གང་ལེགས་གནང་བ་དང་། ཚོགས་ཞུགས་པ་རྣམས་ནས་ཀྱང་ཧུར་ཐག་འབད་ཐག་ཐོག་ནས་ཟབ་སྦྱོང་གི་ལས་རིམ་ཡོངས་རྫོགས་ནང་རྟག་བཅར་དང་།
སློབ་ཚན་ཡོངས་རྫོགས་ལ་དོ་སྣང་ཆེན་པོ་གནང་བར་བརྟེན་ཐེངས་འདིར་ཟབ་སྦྱོང་ལམ་ལྷོངས་ལྡན་པ་ཞིག་བྱུང་ཐུབ་པར་ཡི་རངས་བསྔགས་བརྗོད་རྒྱ་ཆེ་གནང་འདུག ཐེངས་འདིའི་ཟབ་སྦྱོང་ལ་མཐུན་འགྱུར་རོགས་རམ་གནང་མཁན་ཨ་རིའི་རོགས་ཚོགས་ USAID དང་བོད་ཀྱི་ཐེབས་རྩ་ཁང་གཉིས་ལའང་དྲུང་ཆེ་ཚེ་རིང་དབྱངས་སྐྱིད་ལགས་ཀྱིས་ཐུགས་རྗེ་ཆེ་ཞུས་འདུག མཛད་རིམ་གྱི་མཐའ་མར་ཚོགས་བཅར་བ་ཡོངས་ལ་ཕྱག་ཁྱེར་རེ་ཕུལ་འདུག་པ་བཅས།།