ཕྱི་ལོ་ ༢༠༡༩ ཟླ་ ༡༢ ཚེས་ ༡༡ རེས་གཟའ་ལྷག་པ།
༄༅། །བོད་རྒྱལ་ལོ་ ༢༡༤༦ ཕྱི་ལོ་ ༢༠༡༩ ཟླ་ ༡༢ ཚེས་ ༡༠ ཉིན་བོད་ཀྱི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༸གོང་ས་༸སྐྱབས་མགོན་༸རྒྱལ་མཆོག་སྐུ་ཕྲེང་བཅུ་བཞི་པ་ཆེན་པོ་མཆོག་ལ་འཛམ་གླིང་ནང་ཆེས་སྙན་གྲགས་ཅན་གྱི་ནོ་སྦེལ་ཞི་བདེའི་གཟེངས་རྟགས་འབུལ་ལམ་ཞུས་ནས་ལོ་ངོ་ ༣༠ འཁོར་བའི་དུས་དྲན་གྱི་མཛད་སྒོའི་ཐོག་སྐུ་མགྲོན་གཙོ་བོ་ལ་དྭགས་རང་སྐྱོང་རི་ལྗོངས་ཡར་རྒྱས་ལྷན་ཚོགས་ཀྱི་སྡེ་དཔོན་སྐུ་ཞབས་རྒྱལ་པི་དབང་རྒྱལ་མཆོག་གིས་གསུང་བཤད་གནང་དོན།
བཀྲ་ཤིས་བདེ་ལེགས། བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་བློ་བཟང་སེངྒེ་མཆོག་གིས་གཙོས་ཆེས་མཐོའི་ཁྲིམས་ཞིབ་ཁང་གི་ཁྲིམས་ཞིབ་པ་ཆེ་བ་མཆོག ཁྲིམས་ཞིབ་པ་གཞན་གཉིས་མཆོག བོད་མི་མང་སྤྱི་འཐུས་ཚོགས་གཙོ་པདྨ་འབྱུང་གནས་མཆོག བོད་མི་མང་སྤྱི་འཐུས་ཚོགས་གཞོན་ཨཱ་ཅཱརྱ་ཡེ་ཤེས་ཕུན་ཚོགས་མཆོག བོད་མི་མང་སྤྱི་འཐུས་རྣམ་པ། ཧིན་བོད་མཛའ་འབྲེལ་ཚོགས་པའི་ཚོགས་གཙོ་སྐུ་ཞབས་ཨ་ཇེ་སིངྒ་ Ajai Singh ལགས། ངའི་ལས་རོགས་ལ་དྭགས་རང་སྐྱོང་རི་ལྗོངས་ཡར་རྒྱས་ལྷན་ཚོགས་ཀྱི་སྡེ་དཔོན་གཞོན་པ་སྐུ་ཞབས་ཚེ་རིང་བསམ་གྲུབ་ལགས། ལ་དྭགས་རང་སྐྱོང་རི་ལྗོངས་ཡར་རྒྱས་ལྷན་ཚོགས་ཀྱི་འགན་འཛིན་ལྷན་ཚོགས་ཀྱི་ཚོགས་མི་ཕུན་ཚོགས་བསྟན་འཛིན་ལགས། དཀོན་མཆོག་བསྟན་འཛིན་ལགས། ཚོགས་མི་རྣམ་པ། དེ་བཞིན་འདིར་ཕེབས་པའི་སྐུ་མགྲོན་རྣམ་པ། ཐོག་མར་ངས་ལ་དྭགས་རང་སྐྱོང་རི་ལྗོངས་ཡར་རྒྱས་ལྷན་ཚོགས་ཀྱི་སྡེ་དཔོན་དང་སྡེ་དཔོན་གཞོན་པ། ལ་དྭགས་རང་སྐྱོང་རི་ལྗོངས་ཡར་རྒྱས་ལྷན་ཚོགས་ཀྱི་འགན་འཛིན་ལྷན་ཚོགས་ཀྱི་ཚོགས་མི་རྣམ་པ་དེ་རིང་གི་སྐལ་བཟང་གི་ཉིན་མོ་འདིར་མགྲོན་འབོད་གནང་བར་སྙིང་དབུས་ནས་ཐུགས་རྗེ་ཆེ་ཞུ་རྒྱུ་ཡིན།
སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ལ་ནོ་སྦེལ་ཞི་བདེའི་གཟེངས་རྟགས་འབུལ་ལམ་ཞུས་ནས་ལོ་ངོ་ ༣༠ འཁོར་བའི་སྐལ་བཟང་གི་ཉིན་མོ་འདིར་ངས་ལ་དྭགས་རང་སྐྱོང་རི་ལྗོངས་ཡར་རྒྱས་ལྷན་ཚོགས་ཀྱི་ཚོགས་མི་རྣམ་པ་དང་ལ་དྭགས་མི་མང་གི་ཚབ་ཞུས་ཏེ་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ལ་གུས་ཕྱག་དང་སྦྲགས། བོད་མི་རྣམས་ལ་དམིགས་བསལ་གྱིས་འཚམས་འདྲི་བཀྲ་ཤིས་བདེ་ལེགས་ཞུ་རྒྱུ་ཡིན། ཚང་མས་མཁྱེན་གསལ་རེད། སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ནི་བྱམས་བརྩེའི་བདག་ཉིད་ཅན་ཞིག་ཡིན་པ་མ་ཟད། འགྲོ་བ་ཡོངས་ལ་བདེ་སྐྱིད་བསྐྲུན་ཆེད་ཐུགས་བརྩོན་རྒྱ་ཆེ་མཛད་བཞིན་པ་དང་། མགོན་པོ་གང་ཉིད་མཆོག་གི་སྐུ་གསུང་ཐུགས་ཀྱི་མཛད་རྗེས་ཀྱིས་འགྲོ་བ་ཡོངས་ལ་ཕན་ཐོགས་འབྱུང་གི་ཡོད་པ་ང་ཚོ་མི་དཀྱུས་མ་ཚོས་ཀྱང་ངོས་འཛིན་བྱེད་ཐུབ་ཀྱི་ཡོད།
སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་འཛམ་བུ་གླིང་ནང་འཚེ་བ་མེད་པ་དང་ཞི་བདེའི་སྐོར་ལམ་སྟོན་གནང་གི་ཡོད་པ་མ་ཟད། བོད་མིའི་འཐབ་རྩོད་ཀྱི་ངོ་བོ་དེ་ཡང་འཚེ་མེད་ཞི་བའི་ཐབས་ལམ་ལ་བསྒྱུར་གནང་མཛད་ཡོད། མཛད་རྗེས་དེ་དག་ལ་བརྟེན་ནས་ལོ་ངོ་ ༣༠ གོང་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ལ་འཛམ་གླིང་ནང་ཆེས་སྙན་གྲགས་ཅན་གྱི་ནོ་སྦེལ་ཞི་བདེའི་གཟེངས་རྟགས་འབུལ་བཞེས་མཛད་ཡོད།
སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་འགྲོ་བ་མིའི་དཀའ་ངལ་སེལ་སླད་འཚེ་མེད་ཞི་བ་དང་། ཕན་ཚུན་དབར་བརྩི་བཀུར། བཟོད་བསྲན་བཅས་གཞི་རྩར་བཞག་ནས་ཐབས་ལམ་ཞིག་བཙལ་གནང་མཛད་པར། ཕྱི་ལོ་ ༡༩༨༩ ལོར་འཛམ་གླིང་ནོ་སྦེལ་ཞི་བདེའི་གཟེངས་རྟགས་ཚོགས་ཆུང་གིས་ནོ་སྦེལ་ཞི་བདེའི་གཟེངས་རྟགས་ཕུལ་ཡོད། སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་འདས་པའི་ལོ་ངོ་ ༤༠ ལྷག་གི་རིང་དེང་རབས་ཚན་རིག་པ་གྲགས་ཅན་ཚོ་དང་ལྷན་བགྲོ་གླེང་མཛད་དེ་མཐའ་མའི་གྲུབ་དོན་ནི། འཛམ་གླིང་ནང་བདེ་སྐྱིད་ལྡན་པ་ཞིག་ཡོང་བར་མི་གང་ཟག་སྒེར་སོ་སོས་སེམས་པ་བཟང་པོ་བྱེད་དགོས་པ་ར་སྤྲོད་མཛད་ཡོད། གོ་སྐབས་འདི་བརྒྱུད་ངས་ཧིན་བོད་གཉིས་ཀྱི་འབྲེལ་ལམ་ཡར་ངོའི་ཟླ་ལྟར་འཕེལ་ཞིང་། སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་ད་བར་བཀའ་སློབ་བསྩལ་བ་དེ་དག་ལ་དྭགས་མི་མང་གིས་གང་ཐུབ་ཉམས་ལེན་བྱེད་དགོས་པའི་འབོད་སྐུལ་དང་ལྷག་པར་མི་མང་ཉམ་ཐག་རྣམས་ལ་བྱམས་སྐྱོང་གནང་རོགས་ཞེས་ཞུ་རྒྱུ་དང་། ལ་དྭགས་དེ་བཞིན་དབུས་འཛིན་མངའ་ཁུལ་ Union Territory དུ་ངོས་འཛིན་གནང་རྗེས། ལ་དྭགས་མི་མང་དང་བོད་མིའི་འབྲེལ་ལམ་སྔར་ལས་ལྷག་ཡར་རྒྱས་ཤུགས་ཆེར་འགྲོ་རྒྱུའི་ཁས་ལེན་ཞུ་རྒྱུ་ཡིན། ཞེས་སོགས་ཀྱི་གསུང་བཤད་གནང་། །