༢༠༡༩ ཟླ་ ༡༢ ཚེས་ ༢༣ རེས་གཟའ་ཟླ་བ།
༄༅། །འདི་གའི་ཆེད་གཉེར་གསར་འགོད་པ་ཡེ་ཤེས་ཀུན་གྲགས་ལགས་ཀྱིས་ས་གནས་ནས་བཏང་གནས་ནང་འཁོད་དོན། ཕྱི་ལོ་ ༢༠༡༩ ཟླ་ ༡༢ ཚེས་ ༢༣ རེས་གཟའ་ཟླ་བ་ཉིན་བོད་མིའི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་རྒྱ་གར་ལྷོ་ཕྱོགས་མོན་གྷོ་འདོད་རྒུ་གླིང་བོད་མིའི་གཞིས་ཆགས་སུ་རྟེན་གཞི་བྱས་པའི་དགའ་ལྡན་བྱང་རྩེ་གྲྭ་ཚང་གི་རྩོད་རྒྱུགས་ལས་རིམ་གྱི་ཚོགས་མགོན་དུ་དབུ་བཞུགས་ཀྱིས་ཐུགས་ཞིབ་དང་བཀའ་སློབ་སྩལ་སོང་།
དེ་ཡང་གོང་ཚེས་ཉིན་གྱི་སྔ་དྲོ་ཆུ་ཚོད་ ༩།༣༠ ཙམ་ལ་མགོན་པོ་གང་ཉིད་མཆོག་དགའ་ལྡན་བྱང་རྩེ་གྲྭ་ཚང་གི་༸རྒྱལ་བའི་གཟིམ་ཁང་ནས་མཁན་ལས་ཟུར་རྣམ་པས་སྤོས་སྣེས་སྔུན་བསུས་ཏེ་གཙུག་ལག་ཁང་དུ་གདན་ཞུས་ཀྱིས་དབུ་མ་དང་། ཚད་མ་རྣམ་འགྲེལ། རྟགས་རིགས། བློ་རིགས་བཅས་ཀྱི་རྩོད་རྒྱུགས་ལས་རིམ་གྱི་ཚོགས་མགོན་དུ་དབུ་བཞུགས་དང་། དགའ་ལྡན་བྱང་རྩེ་གྲྭ་ཚང་གི་རྩོད་རྒྱུགས་པ་རྣམས་ནས་རྩོད་རྒྱུགས་སྤྱན་འབུལ་ཞུས་གྲུབ་མཚམས་མགོན་པོ་གང་ཉིད་མཆོག་གིས་བཀའ་སློབ་སྩལ་དོན། ད་ལམ་འདིར་རྒྱ་གར་ལྷོ་ཕྱོགས་ཀྱི་གདན་ས་གཉིས་ལ་བཅར་རྒྱུ་བྱུང་བ་རེད། ང་ཚོ་བཙན་བྱོལ་བ་བྱས་ནས་གནས་ཡོད་ནའང་རང་གཞན་ཚང་མས་ཡིད་སྨོན་སྐྱེ་རྒྱུ་ལྟ་བུ་ཡག་ཐག་ཆོད་བྱས་ནས་བསྡད་ཡོད། ང་ཚོས་བསྟན་པ་ཡུན་རིང་འབར་གྱུར་ཅིག་ཅེས་སྨོན་ལམ་རྒྱག་བཞིན་ཡོད། གཙུག་ལག་ཁང་བཞེངས་པ་དང་སྐུ་གསུང་ཐུགས་རྟེན་མཆོར་པོ་ཡོད་པ་ཙམ་གྱིས་བསྟན་པ་གནས་རྒྱུའི་སྐད་ཆ་མ་རེད། སངས་རྒྱས་བཅོམ་ལྡན་འདས་ཀྱིས་གསུང་པའི་ཟབ་ཅིང་རྒྱ་ཆེ་བའི་ལམ་གྱི་རིམ་པ། ཀླུ་སྒྲུབ་ཡབ་སྲས་ལ་སོགས་པ་དེ་དག་གིས་རིགས་པའི་ལམ་ནས་གཏན་ལ་ཕབ་པ་དེ་དེང་སྐབས་ཀྱི་དུས་ཚོད་ལ་རྣམ་དཔྱོད་ལྡན་པའི་མི་སུ་ལ་ཡིན་ནའང་སངས་རྒྱས་པའི་ལྟ་གྲུབ་དེ་དག་གཞིའི་གནས་ལུགས་ནང་སེམས་ཁམས་རིག་པ་སླེབ་ཀྱི་ཡོད།
དེ་དག་གཏན་ལ་ཕབ་ཡོང་དུས་ཚད་མ་རིག་པའི་ཐོག་ནས་གཏན་ལ་དབབ་རྒྱུ་ཞིག་ཡོང་བཞིན་ཡོད། དེར་བརྟེན་སངས་རྒྱས་པའི་ཆོས་འདི་ཆོས་ལུགས་འདྲ་འདྲའི་ནང་ནས་མི་འདྲ་བ་ཞིག་དང་། དེའི་ནང་ནས་ལེགས་སྦྱར་གྱི་ཆོས་བརྒྱུད་མཁན་ཆེན་ཞི་བ་འཚོའི་ཐུགས་རྗེའི་བཀའ་དྲིན་ལ་བརྟེན་ནས་བོད་ཀྱི་སངས་རྒྱས་པའི་བསྟན་པ་འདི་རིགས་པའི་ལམ་ནས་གཞིའི་གནས་ལུགས་གཏན་ལ་ཕབ། གཞི་བདེན་གཉིས་དེ་དག་གཏན་ལ་ཕབ་པའི་ཐོག་ནས་ཉོན་མོངས་ངོས་འཛིན་རྒྱུ་དང་། ཉོན་མོངས་ཀྱི་གཉེན་པོ་ངོས་འཛིན་རྒྱུ་བཅས་སངས་རྒྱས་བཅོམ་ལྡན་འདས་ཀྱིས་ཆོས་འཁོར་དང་པོ་བསྐོར་བའི་སྐབས་བདེན་བཞི་ཞེས་གསུང་པ་འདི་དངོས་འབྲེལ་རིགས་པའི་ལམ་ནས་ཧ་ལམ་མིག་མཐོང་ལག་ཟིན་གྱིས་འཛུབ་མོ་འཛུགས་རྒྱུ་ཡོད་པ་ཞིག་ཡོང་བཞིན་འདུག་པ་འདི་ནི། སྤྱིར་འཛམ་གླིང་འདིའི་སྟེང་ནང་པའི་ཡུལ་གྲུ་མང་པོ་ཡོད་ནའང་། དེ་ལྟ་བུ་ཞིབ་ཚགས་པོའི་ཐོག་ནས་བཤད་རྒྱུ་ཡོད་པ་ཕལ་ཆེར་བོད་པ་ཁོ་ན་རེད།
དེར་བརྟེན་དེ་འདྲའི་བསྟན་པ་འདི་ཡུན་རིང་དུ་གནས་པར་བསླབ་པ་སློབ་གཉེར་བྱེད་དགོས། བསླབ་པ་སློབ་གཉེར་བྱས་པ་འདི་ཚིགས་སྐམ་པོ་རྐྱང་པ་མིན་པར་སོ་སོའི་རྒྱུད་ཐོག་ལ་བཀལ་ནས་དཔྱད་པ་བྱེད་རྒྱུ་བྱུང་བ་ཡིན་ན། སྟོན་པའི་དམ་ཆོས་རྣམ་གཉིས་ཏེ། །ལུང་དང་རྟོགས་པའི་བདག་ཉིད་དོ། །དེ་འཛིན་བྱེད་པ་སྨྲ་བྱེད་དང་། །སྒྲུབ་པར་བྱེད་པ་ཁོ་ན་ཡིན། །ཞེས་པ་ལྟར་ཚང་ཡོད། ང་ཚོའི་གདན་ས་ཁག་དེ་དག་བཙན་བྱོལ་བ་བྱས་ནས་གནས་ཡོད་ནའང་རྒྱལ་བའི་ལུང་རྟོགས་ཀྱི་བསྟན་པ་འདི་ཉིད་ལུང་དང་རིགས་པའི་སྒོ་ནས་གཏན་ལ་ཕབ་ནས་ངེས་པ་ཐོབ་པ་ཞིག་ཁྱེད་རང་ཚོས་གནང་གི་ཡོད་པ་རེད། ཧ་ཅང་ཡག་པོ་བྱུང་འདུག བསྟན་པ་ཡུན་རིང་འབར་གྱུར་ཅིག་ཅེས་པ་འདི་ཁ་ཡོད་ལག་ཡོད་ཀྱིས་འདིའི་ཐོག་ནས་ཡོང་བཞིན་ཡོད།
ཁྱེད་རང་ཚོ་ཚང་མར་ཐུགས་རྗེ་ཆེ་ཞེས་ཞུ་རྒྱུ་ཡིན། ངོས་རང་སང་ཉིན་འདི་ནས་ཐོན་ཏེ་རྡོ་རྗེ་གདན་དུ་འབྱོར་རྒྱུ་རེད། རྡོ་རྗེ་གདན་དུ་ཕལ་ཆེར་སྨོན་ལམ་འཚོགས་རྒྱུ་རེད། ཁྱེད་རང་ཚོའི་ནང་ནས་མང་པོ་ཞིག་ཕལ་ཆེར་རྡོ་རྗེ་གདན་དུ་ཕེབས་ཀྱི་ཡོད་ངེས་རེད། སྨོན་ལམ་རྡ་རམ་ས་ལ་དང་རྡོ་རྗེ་གདན་གཉིས་ལས་རྡོ་རྗེ་གདན་དུ་འཚོགས་པ་ཡིན་ན་འགྱེད་མང་པོ་ཡོང་གི་རེད། ཅེས་ཁ་སྔོན་སྐད་ཆ་བྱུང་། གང་ལྟར་ཁྱེད་རང་ཚོ་མང་ཆེ་བ་རྡོ་རྗེ་གདན་དུ་ཡོང་ངེས་རེད། ང་ཚོ་དེར་ཐུག་གི་རེད། ཐོས་བསམ་གྱིས་གཏན་ལ་ཕབ་པའི་སངས་རྒྱས་ཀྱི་བསྟན་པ་ངོ་མ་འདི་རྒྱུད་ཐོག་ལ་བསླབ་པ་གསུམ་གྱི་ཉམས་ལེན་ཡོད་པ་གཞི་ཚུལ་ཁྲིམས་ཀྱི་བསླབ་པ་རྨང་གཞི་དང་། དེ་ནས་ཏིང་ངེ་འཛིན་གྱི་བསླབ་པ་ཕྱི་ནང་ཐུན་མོང་བ་ཡིན་ནའང་དེ་མེད་ན་སྦྱོར་ལམ་ཡན་ཆད་འགྲོ་ས་མེད།
དེར་བརྟེན་ཞི་གནས་སེམས་རྩེ་གཅིག་པའི་ཏིང་ངེ་འཛིན་འདི་ཧ་ཅང་གལ་ཆེན་པོ་རེད་འདུག དེ་ནས་ཤེས་རབ་ཀྱི་བསླབ་པ། ལྷག་པར་མངོན་པ་གོང་འོག་ཅེས་གསུངས་པའི་ཤེར་ཕྱིན་གྱི་གཞུང་དེ་དག་ཧ་ཅང་རྩ་ཆེན་པོ་རེད་འདུག དེ་དག་ལ་སློབ་སྦྱོང་ད་ལྟ་ནང་བཞིན་གནང་སྟེ་བསྟན་པ་འཛིན་ཟེར་རྒྱུ་འདི་ཤེས་ཡོན་དང་ཉམས་མྱོང་གི་ཐོག་ནས་བསྟན་པ་འཛིན་རྒྱུ་རེད་མ་གཏོགས་བསྟན་པ་འཛིན་ཟེར་རྒྱུ་འདི་ཕྱི་ནས་ཡོངབ་ཞིག་མ་རེད། ད་བར་ཁྱེད་རང་ཚོ་ཚང་མས་ཧུར་ཐག་གནང་འདུག ད་དུང་ཡིན་ནའང་ཧུར་ཐག་གནང་ཤོག ཅེས་སོགས་ཀྱི་བཀའ་སློབ་སྩལ། །
པར་པ། བསྟན་འཛིན་འཇིག་མེད་ལགས།