༢༠༡༩ ཟླ་ ༡༢ ཚེས་ ༢༡ རེས་གཟའ་སྤེན་པ།
༄༅། །འདི་གའི་ཆེད་གཉེར་གསར་འགོད་པ་ཡེ་ཤེས་ཀུན་གྲགས་ལགས་ཀྱིས་ས་གནས་ནས་བཏང་གནས་ནང་འཁོད་དོན། ཕྱི་ལོ་ ༢༠༡༩ ཟླ་ ༡༢ ཚེས་ ༢༡ རེས་གཟའ་སྤེན་པ་ཉིན་མོན་གྷོ་འདོད་རྒུ་གླིང་བོད་མིའི་གཞིས་ཆགས་སུ་རྟེན་གཞི་བྱས་པའི་དགའ་ལྡན་མ་དགོན་ཆེན་པོ་དགའ་ལྡན་བླ་སྤྱི་རུ་རྗེ་ཙོང་ཁ་པ་ཆེན་པོའི་གདན་ས་དགའ་ལྡན་རྣམ་པར་རྒྱལ་བའི་གླིང་གི་ཚོགས་ཆེན་གྱི་གོ་སྒྲིག་འོག་དགའ་ལྡན་ལྔ་མཆོད་ཆེན་མོའི་མཛད་སྒོ་ཚོགས་སོང་།
དེ་ཡང་གོང་ཚེས་ཉིན་གྱི་སྔ་དྲོ་ཆུ་ཚོད་ ༨།༤༥ ཐོག་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་དབུ་བཞུགས་ཐོག་འཇམ་མགོན་རྒྱལ་བའི་རྒྱལ་ཚབ་དགའ་ལྡན་ཁྲི་གདན་ཟུར་རྣམ་པ་གཉིས་མཆོག་དང་།
མཚུངས་མེད་ཤར་བྱང་ཆོས་རྗེ་རྣམ་གཉིས། ཇོ་ནང་བསྟན་པའི་མངའ་བདག་སྐྱབས་རྗེ་ཇོ་ནང་རྒྱལ་ཚབ་རིན་པོ་ཆེ་མཆོག གདན་ས་གྲྭ་ཚང་ཁག་གི་མཁན་བླ་སྤྲུལ་རྣམ་པ། དཔལ་ལྡན་སྲིད་སྐྱོང་བློ་བཟང་སེངྒེ་མཆོག དཔལ་ལྡན་ཆེས་མཐོའི་ཁྲིམས་ཞིབ་པ་ཆེ་བ་དྭགས་པོ་བསོད་ནམས་ནོར་བུ་མཆོག དཔལ་ལྡན་བོད་མི་མང་སྤྱི་འཐུས་ཚོགས་གཙོ་པདྨ་འབྱུང་གནས་མཆོག ཆོས་རིག་བཀའ་བློན་གཡུ་ཐོག་ཀརྨ་དགེ་ལེགས་མཆོག བོད་མི་མང་སྤྱི་འཐུས་ཨ་ཀྲུག་ཚེ་བརྟན་ལགས་དང་གོ་བོ་བློ་བཟང་ཕན་བདེ་ལགས།
ལྷོ་སྤྱི་གཙོས་པའི་རྒྱ་གར་ལྷོ་ཕྱོགས་བོད་མིའི་གཞིས་ཆགས་ཁག་ལྔའི་ས་གནས་འགོ་འཛིན་རྣམ་པ། རྒྱལ་སྤྱིའི་བགྲོ་གླེང་ཚོགས་འདུར་ཕེབས་པའི་མཁས་དབང་རྣམ་པ། ཕྱི་ནང་གི་སྐུ་མགྲོན་རྣམ་པ། དེ་བཞིན་དགེ་འདུན་དམངས་དང་བཅས་ཁྱོན་མི་གྲངས་ཆིག་ཁྲི་བརྒལ་བ་འདུ་འཛོམས་ཐོག་མཛད་སྒོ་དབུ་འཛུགས་ཀྱིས་ཐོག་མར་ཤར་རྩེའི་མཁན་རིན་པོ་ཆེ་མཆོག་གིས་ཕེབས་བསུའི་གསུང་བཤད་དང་སོག་པོ་དགའ་ལྡན་དགོན་པའི་མཁན་པོ་བླ་མ་ཆོས་ཀྱི་རྒྱ་མཚོ་ལགས་ཀྱིས་གསུང་བཤད་གནང་།
དེ་ནས་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་བཀའ་འབྲེལ་འོག་ནང་པའི་ཚན་རིག་དང་ལྟ་གྲུབ་ཀུན་བཏུས་པོད་བདུན་ལེགས་གྲུབ་བྱུང་བ་ལེགས་གསོལ་གསོལ་སྩལ་དང་། ལྟ་གྲུབ་ཀུན་བཏུས་པོད་གསུམ་དང་ཚན་རིག་ལྟ་གྲུབ་ཀུན་བཏུས་བསྡུས་པ་པོད་གཅིག་བཅས་ཞལ་ཕྱེ་མཛད། དེ་རྗེས་བོད་མིའི་སྒྲིག་འཛུགས་ཀྱི་དཔལ་ལྡན་སྲིད་སྐྱོང་མཆོག་གིས་གསུང་བཤད་གནང་གྲུབ་བསྟུན། འཇམ་མགོན་རྒྱལ་བའི་རྒྱལ་ཚབ་དགའ་ལྡན་ཁྲི་ཆེན་རྡོ་རྗེ་འཆང་ཆེན་པོ་མཆོག་གིས་གསུང་བཤད་གནང་སྟེ། འཇམ་མགོན་བླ་མའི་རྗེས་འཇུག་དགེ་ལྡན་པ་ཡོངས་ཀྱི་ཚབ་མཛད་དེ་རི་བོ་དགེ་ལྡན་པ་སྤྱི་ཐོག་ནས་མགོན་པོ་གང་ཉིད་ལ་རྒྱལ་བསྟན་སྤྱི་དང་ཁྱད་པར་འཇམ་མགོན་བླ་མའི་བསྟན་པར་མཛད་རྗེས་དང་བཀའ་དྲིན་འགྲན་ཟླ་མེད་པའི་ངོས་འཛིན་དུ་རྗེ་ཙོང་ཁ་པ་ཆེན་པོའི་གཟེངས་རྟགས་འབུལ་ལམ་ཞུས།
དེ་ནས་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་བཀའ་སློབ་སྩལ་དོན། དེ་རིང་བྱེས་ཀྱི་གདན་ས་དགའ་ལྡན་ཚོགས་ཆེན་དུ་དགའ་ལྔ་མཆོད་ཚོགས་པ་རེད། འདིར་གསུང་བཤད་གནང་མཁན་ཚང་མས་སྤྱིར་སངས་རྒྱས་པའི་བསྟན་པ་དང་། ཡང་སྒོས་འཇམ་མགོན་ཆོས་ཀྱི་རྒྱལ་པོ་ཙོང་ཁ་པ་ཆེན་པོའི་མཛད་པ་རྣམ་ཐར་ལ་ཚང་མས་བསྔགས་བརྗོད་གནང་བ་རེད། དེ་སྔ་སོ་སོའི་ཕ་མེས་ཀྱི་ཆོས་བརྒྱུད་གང་ཡིན་ནའང་ད་ལྟའི་དུས་ཚོད་ལ་སྤྱིར་སངས་རྒྱས་པའི་ཆོས་དང་། ཡང་སྒོས་འཇམ་མགོན་བླ་མ་ཙོང་ཁ་པ་ཆེན་པོའི་ལེགས་བཤད་རྨད་དུ་བྱུང་བ་གཏན་ལ་ཕབ་ནས་ཡོད་པ་འདི་ལ་དོ་སྣང་བྱེད་མཁན་ཇེ་མང་དུ་འགྲོ་བཞིན་ཡོད། དེའི་མཚོན་རྟགས་སུ་དེ་རིང་འདིར་རྒྱལ་ཁབ་འདྲ་མིན་ནས་མི་སྣ་མང་པོ་ཞིག་ཕེབས་འདུག ཚང་མར་ཐུགས་རྗེ་ཆེ་ཞེས་ཞུ་རྒྱུ་ཡིན།
ནམ་རྒྱུན་ལྔ་མཆོད་ལ་བཞི་མཆོད་ཉིན་རྒྱུད་སྨད་ལ་བརྟན་བཞུགས་འབུལ་རྒྱུ་དང་། ལྔ་མཆོད་ཉིན་སྟོད་རྒྱུད་ལ་བརྟན་བཞུགས་འདོན་གྱི་རེད། དེ་ནས་༸རྒྱལ་དབང་སྐུ་ཕྲེང་ལྔ་པ་དང་། བརྒྱད་པ། བཅུ་གསུམ་བཅས་ཀྱི་གདུང་རྟེན་ལ་མཆོད་མཇལ་ཕྱིན་ནས་ཁྲུས་གསོལ་རབ་གནས་རིགས་བྱས། རྩེ་ཕོ་བྲང་གི་ལོཀེཤྭརའི་སྐུ་མདུན་ལ་གྲྭ་ཚང་གི་གསུང་ཞབས་ཚོས་གདངས་བརྒྱབ་ནས་༸གོང་ས་སྐུ་ཕྲེང་དང་པོས་མཛད་པའི་ཤར་གངས་རི་མ་དང་། བསྐལ་བཟང་རྒྱ་མཚོའི་གསུང་ལྟ་མགུར་སྙིང་འདབ་བརྒྱད་མ་འདོན་གྱི་ཡོད་པ་རེད། འདི་བློ་ལ་ཕན་པོ་དང་བབ་པོ་ཧ་ཅང་ཡོང་གི་ཡོད། སྔར་ལྔ་མཆོད་ཉིན་འཕགས་པ་ལོཀེཤྭརའི་སྐུ་མདུན་ལ་འདི་གདོན་རྒྱུའི་ལུགས་སྲོལ་ཡོད་པ་ལྟར། ངོས་ཀྱིས་འདི་བཀླག་འདོད་བྱུང་།
༸རྒྱལ་བ་དགེ་འདུན་གྲུབ་ཀྱིས་རྗེ་རིན་པོ་ཆེའི་སྐུ་མདུན་ནས་གསུང་ཆོས་མང་པོ་གསན་གནང་བ་རེད། དེ་ནས་རྗེ་རིན་པོ་ཆེས་ལུང་བསྟན་གནང་བ་ནང་བཞིན་གཙང་ཕྱོགས་སུ་ཕེབས་ཏེ་བཀྲ་ཤིས་ལྷུན་པོ་ཕྱག་བཏབ་པ་དང་རི་ཞིག་ཡོད་པ་དེ་ནས་ཤར་གངས་རི་མ་གསུངས་པ་རེད། ཅེས་བཀའ་སློབ་སྩལ་ཏེ་ཤར་གངས་རི་མ་དང་༸རྒྱལ་བ་བསྐལ་བཟང་རྒྱ་མཚོའི་གསུང་ལྟ་མགུར་སྙིང་འདབ་བརྒྱད་མའི་གསུང་ཆོས་སྩལ་རྗེས་དགའ་ལྡན་བྱང་རྩེར་ཆིབས་ཞལ་བསྒྱུར་བ་བཅས།།
པར་པ། བསྟན་འཛིན་འཇིག་མེད་ལགས།