ཕྱི་ལོ་ ༢༠༡༩ ཟླ་ ༡༢ ཚེས་ ༢༠ རེས་གཟའ་པ་སངས།
༄༅། །འདི་གའི་ཆེད་གཉེར་གསར་འགོད་པ་ཡེ་ཤེས་ཀུན་གྲགས་ལགས་ཀྱིས་ས་གནས་ནས་བཏང་གནས་ནང་འཁོད་དོན། ཕྱི་ལོ་ ༢༠༡༩ ཟླ་ ༡༢ ཚེས་ ༢༠ རེས་གཟའ་པ་སངས་ཉིན་གྱི་སྔ་དྲོ་བོད་མིའི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་དགའ་ལྡན་མ་དགོན་ཆེན་པོ་དགའ་ལྡན་བླ་སྤྱི་རུ་གངས་ཅན་གྱི་ཤིང་རྟ་ཆེན་པོ་རིགས་གསུམ་གཅིག་བསྡུས་ཀྱི་བདག་ཉིད་ཁམས་གསུམ་ཆོས་ཀྱི་རྒྱལ་པོ་འཇམ་མགོན་བླ་མ་ཤར་རྒྱལ་བ་ཙོང་ཁ་པའི་འདས་ལོ་ ༦༠༠ ཧྲིལ་པོ་འཁོར་བའི་རྗེས་དྲན་དུ་རྒྱལ་སྤྱིའི་མཁས་པའི་བགྲོ་གླེང་ཚོགས་མགོན་དུ་ཆིབས་སྒྱུར་བསྐྱངས་སོང་།
དེ་ཡང་གོང་ཚེས་ཉིན་གྱི་སྔ་དྲོ་
སྤྱི་ཡོངས་ཀྱི་ཆ་ནས་འཛམ་གླིང་ནང་ལོ་སྟོང་ཕྲག་ཁ་ཤས་རིང་ལ་ཆོས་ལུགས་འདྲ་མིན་བྱུང་བའི་ནང་ནས་གཙོ་བོ་རྒྱ་གར་གྱི་ཆོས་ལུགས་རེད་འདུག འཚེ་བ་མེད་པ་དང་བྱམས་བརྩེ་སྒྲུབ་པར་ཞི་གནས་དང་ལྷག་མཐོང་གི་ཉམས་བཞེས་ཕལ་ཆེར་ལོ་སུམ་སྟོང་གོང་ནས་དར་ཡོད། དེ་ནས་གཅེར་བུ་བ་དང་སངས་རྒྱས་པའི་ཆོས་བྱུང་བ་རེད། ཆོས་ལུགས་དེ་དག་དུས་ད་ལྟ་ཡིནའང་འཛམ་གླིང་འདིའི་སྟེང་ དགོས་མཁོ་ཡོད་པ་ཞིག་ཆགས་ཡོད། འཇིག་རྟེན་བཀོད་པ་པོ་འདོད་མཁན་གྱི་ཆོས་ལུགས་དེ་དག་རང་རང་གི་བསམ་པ་དང་མོས་པའི་ཁྱད་པར་ལས་འཇིག་རྟེན་བཀོད་པ་པོ་འདོད་མཁན་གྱི་ཆོས་ལུགས་དེ་དག་གིས་གང་ཙམ་ཕན་ཐོགས་ཡོང་བཞིན་ཡོད། སྐབས་རེ་ཆོས་འཐེན་ཁྱེར་དང་དེ་ལ་བརྟེན་ནས་གསོད་རེས་གཏོང་རྒྱུ་སོགས་ཡོང་བཞིན་ཡོད།
སྤྱི་ཡོངས་ཐོག་ནས་བཤད་པ་ཡིན་ན་ཆོས་ལུགས་དེ་དག་ཚང་མའི་བསླབ་བྱ་སྙིང་པོ་ནི་བྱམས་བརྩེ་བྱེད་དགོས་པ་དང་། དེ་བཞིན་འཇིག་རྟེན་བཀོད་པ་པོ་འདོད་མཁན་གྱི་ཆ་ནས་བརྩིས་པ་ཡིན་ནའང་གང་ཙམ་ཤུགས་ཆེན་པོ་འདུག ལྟ་གྲུབ་དེའི་ཐོག་ནས་ང་ཚོ་མི་ཚང་མ་དཀོན་མཆོག་གིས་བཀོད་པ་རེད། དཀོན་མཆོག་འདི་ང་ཚོའི་ཕ་ལྟ་བུ་རེད། དཀོན་མཆོག་ཟེར་ན་སྙིང་རྗེ་མཐའ་ཡས་པ་ཡོད་མཁན་བྱམས་བརྩེའི་བདག་ཉིད་ཅན་རེད། ཟེར་ཡོང་སྐབས་དེས་ཕན་ཐོགས་ཧ་ཅང་འདུག བྱམས་བརྩེའི་བདག་ཉིད་ཅན་གྱི་ཕ་གཅིག་གིས་བསྐྲུན་པའི་འཛམ་གླིང་སྟེང་མི་གྲངས་དུང་ཕྱུར་མང་པོ་ཡོད་པ་དེ་དག་ཚང་མར་བྱམས་བརྩེའི་ས་བོན་ཡོད་པ་ནི་ཚན་རིག་པའི་ཐོག་ནས་ཀྱང་བཤད་ཀྱི་ཡོད་པ་མ་ཟད། ཆོས་ཕྱོགས་ཀྱི་ཐོག་ནས་ཀྱང་དེ་ལྟར་བཤད་རྒྱུ་ཡོད།
གང་ལྟར་ཆོས་ལུགས་མང་དག་ཅིག་ཡོད་པ་དེ་དག་གིས་བསླབ་བྱ་གཙོ་བོ་བྱམས་བརྩེ་དགོས་པ་རེད། ཅེས་གསུང་བཞིན་ཡོད། ཉམས་ལེན་བྱེད་མིན་ཟེར་རྒྱུ་འདི་གང་ཟག་སོ་སོའི་གནས་ཚུལ་རེད། དེ་མིན་ཞེན་ཁོག་བྱེད་རྒྱུ་ཤེས། ཆོས་ལ་ངོ་ཐོག་ཉམས་ལེན་གང་ཡང་མེད་པ་དེ་རིགས་ཆོས་ལུགས་ཁག་གཅིག་གི་ནང་ཡོང་བཞིན་འདུག ད་ལྟ་དུས་རབས་ ༢༡ ནང་སླེབ་ཡོད། ལོ་ངོ་སྟོང་ཕྲག་ལྷག་གི་ལོ་རྒྱུས་ཡོད་པའི་ཆོས་བརྒྱུད་ཁག་དེ་དག་ད་དུང་ཡིན་ནའང་འཛམ་གླིང་འདིའི་སྟེང་ཕན་ཐོགས་ཡོད་པ་ཞིག་རེད། ཆོས་ལ་སྐྱོན་བརྗོད་བྱེད་མཁན་ཡང་མང་དག་ཡོད། དེ་བཞིན་བཏང་སྙོམས་ལ་གནས་མཁན་ཡང་མང་པོ་ཡོད། དེར་བརྟེན་ངོས་ཀྱིས་ནམ་རྒྱུན་འཛམ་གླིང་འདིའི་སྟེང་མི་དུང་ཕྱུར་ཁ་ཤས་ཡོད་པའི་ནང་དུམ་བུ་གསུམ་དུ་དབྱེ་ཆོག་གི་རེད། ཅེས་འདི་ལྟར་བཤད་ཀྱི་ཡོད། ཆོས་ཁས་ལེན་མཁན་ཞིག་དང་། ཆོས་ལ་སྐྱབས་སུ་ལྟ་མཁན། ཆོས་ལ་བཏང་སྙོམས་ལྟ་མཁན་བཅས་མི་དུམ་བུ་གསུམ་ལྟ་བུ་ཡོད། ཆོས་ལ་བཏང་སྙོམས་སུ་འཇོག་མཁན་དེ་དག་གནད་འགག་གང་ཡང་མེད།
ང་ཚོས་བརྟག་དཔྱད་བྱ་ཡུལ་ནི་ཆོས་ཁས་ལེན་མཁན་དང་ཆོས་ལ་ངོ་རྒོལ་བྱེད་མཁན་གཉིས་བསྡུར་བ་ཡིན་ན། ཆ་སྙོམས་བྱས་ནས་བཤད་པ་ཡིན་ན། ཆོས་ཁས་ལེན་མཁན་དེ་དག་ཏན་ཏན་སེམས་ལ་ཞི་བདེ་མང་བ་ཡོད་པ་ཕལ་ཆེར་རེད། བྱམས་བརྩེ་གཙོ་འདོན་བྱས་ནས་བཤད་མཁན་དང་། སྒྲུབ་བྱེད་དུ་ལྟ་གྲུབ་ཀྱི་རིགས་པ་འདྲ་མིན་བཤད་བཞིན་ཡོད། གང་ལྟར་བྱམས་བརྩེའི་བསླབ་བྱ་འཁྱེར་ཡོང་མཁན་གྱི་གཞུང་ལུགས་ལ་མོས་པ་ཡོད་མཁན་དེ་དག་ཇི་ཙམ་མིན་ལབ་པ་ཡིན་ནའང་སེམས་ཀྱི་ཞི་བདེ་ཕྲན་བུ་མང་བ་ཡོད་པ་པའི་བཟོ་འདྲ་ཞིག་འདུག
ཆོས་ལ་སྐྱོན་དུ་ལྟ་མཁན་དེ་དག་ཉོན་མོངས་དུག་གསུམ་གྱི་གཞན་དབང་དུ་སོང་ནས་གང་ཡང་མེད་པར་ཧ་ལམ་དུད་འགྲོ་དང་གཅིག་མཚུངས་རེད། མིའི་ཀླད་པ་གཅིག་གྱུར་རེད། བདེ་བ་འདོད་པ་དང་སྡུག་བསྔལ་མི་འདོད་པ་གཅིག་གྱུར་རེད། འོན་ཀྱང་ཆོས་སྟེན་མཁན་གྱི་མི་དང་ཆོས་སྤངས་ནས་ཆོས་ལ་སྐྱོན་དུ་ལྟ་མཁན་གྱི་མི་གཉིས་བསྡུར་བ་ཡིན་ན། ལྟ་གྲུབ་གང་ཡིན་ལ་མ་ལྟོས་པར་བྱམས་བརྩེ་ཟེར་རྒྱུ་དེ་གལ་ཆེན་པོ་རེད་ཟེར་མཁན་གྱི་མི་དེ་རང་བཞིན་གྱིས་སྤྱི་ཚོགས་ནང་གཞན་ཕན་གྱི་བློ་ཡོད་པ་ཡག་པོ་འདུག
འཛམ་གླིང་འདིའི་སྟེང་དེང་སྐབས་དངོས་ཡོད་གནས་ཚུལ་ལ་འཚེ་བ་མེད་པ་དང་བྱམས་བརྩེ་ཟེར་རྒྱུ་འདི་དངོས་འབྲེལ་དགོས་མཁོ་ཡོད་པ་ཞིག་ཆགས་ཡོད། ཉོན་མོངས་དུག་གསུམ་ཡོད་པ་འཛམ་གླིང་འདིའི་སྟེང་གི་སྲོག་ཆགས་ཚང་མ་གཅིག་པ་རེད། འོན་ཀྱང་དམག་འཁྲུག་ལངས་བ་མིའི་སྤྱི་ཚོགས་ནང་མ་གཏོགས་མེད།
དེར་བརྟེན་མིས་བསམ་བློ་ཧ་ཅང་བཏང་བའི་ཐོག་ནས་དཔུང་སྒྲིལ་ནས་གསོད་རེས་གཏོང་རྒྱུ་མིའི་སྤྱི་ཚོགས་ནང་ཡོང་གི་ཡོད་པ་རེད། དེང་སྐབས་ཡིན་ན་འཛམ་གླིང་འདིའི་སྟེང་དངོས་གནས་བྱས་ན་འཚེ་བ་བྱེད་རྒྱུར་ཐང་ཆད་དགོས་པའི་བཟོ་འདྲ་ཞིག་རེད།
འོན་ཀྱང་ད་དུང་ཡིན་ནའང་འཛམ་གླིང་སྟེང་འཚེ་བ་བྱེད་བཞིན་འདུག འཚེ་བའི་ལས་ལ་དངོས་སུ་ཞུགས་མེད་ནའང་གོ་ལག་བཟོས་པ་དང་། འཛམ་གླིང་འདིའི་སྟེང་གོ་ལག་བཙོངས་ནས་ཁས་ཕན་བཟའ་རྒྱུ་དེ་ཚོའི་གྲས་ནི་བརྒྱུད་ནས་འཚེ་བར་ཞབས་འདེགས་སྒྲུབ་ཀྱི་འདུག དེ་ལྟ་བུའི་འཛམ་གླིང་སྟེང་བྱམས་བརྩེ་ཟེར་རྒྱུ་འདི་ཆོས་ཁས་ལེན་མིན་གང་ལྟར་ཡང་བྱམས་བརྩེ་ཟེར་རྒྱུ་འདི་དགོས་མཁོ་ཡོད་པ་ཞིག་ཏན་ཏན་རེད་འདུག
ཚན་རིག་པས་མིའི་ལྷན་སྐྱེས་རང་བཞིན་བྱམས་བརྩེ་ལྡན་པ་རེད། ང་ཚོ་ནི་སྤྱི་ཚོགས་ལ་བརྟེན་པ་རེད། སྤྱི་ཚོགས་ལ་བརྟེན་པ་ཡིན་སྟབས། གང་ལ་བརྟེན་སའི་སྤྱི་ཚོགས་དེ་ལ་སེམས་ཐག་ཉེ་བོ་ཞིག་དང་། དེའི་བདེ་སྡུག་ལ་བསམ་བློ་འཁོར་བ་ social animal གྲས་ལ་དེ་འདྲ་རང་བཞིན་གི་འདུག གང་ཡིན་ཞེ་ན་སོ་སོ་རང་ཉིད་འཚོ་དགོས། ཆོས་མི་འདྲ་བ་མང་བོ་ཞིག་ཡོད་པའི་ནང་ནས་འཇིག་རྟེན་བཀོད་པ་པོ་འདོད་མཁན་གྱི་སྡེ་ཚན་གཅིག་དང་། འཇིག་རྟེན་བཀོད་པ་པོ་མི་འདོད་མཁན་གྱི་སྡེ་ཚན་གཅིག དེའི་ནང་ནས་སངས་རྒྱས་པའི་ཆོས་དང་གྲངས་ཅན་ལྷ་མེད་པ། གཅེར་བུ་པ་བཅས་ནི་དཀོན་མཆོག་མི་འདོད་མཁན་གྱི་ཆོས་བརྒྱུད་ཆགས་ཡོད། གང་ལྟར་སངས་རྒྱས་བཅོམ་ལྡན་འདས་ཀྱི་བདག་ཉིད་བདག་གི་མགོན་ཞེས་གསུངས་བ་མ་གཏོགས་འཇིག་རྟེན་བཀོད་པ་པོ་གཅིག་གིས་བཀོད་པའི་སྐད་ཆ་མེད། འཇིག་རྟེན་བཀོད་པ་པོ་འདོད་མཁན་ཞིག་ཡིན་ན་དཀའ་ངལ་འཕྲད་པའི་སྐབས་སུ་དཀོན་མཆོག་མཁྱེན་ཟེར་ནས་སྡོད་བཞིན་འདུག འཇིག་རྟེན་བཀོད་པ་པོ་མི་འདོད་མཁན་གྱིས་དཀའ་ངལ་འཕྲད་སྐབས་སོ་སོའི་བསམ་བློའི་ནང་ལ་བརྟག་དཔྱད་བྱས་ཏེ། བསམ་བློའི་ནང་དཀའ་ངལ་ལ་གདོང་ལེན་བྱས་ནས་སྦྱོང་བརྡར་བྱེད་རྒྱུ་ཞིག་བཤད་ཀྱི་ཡོད། དེང་སང་འཛམ་གླིང་འདིའི་སྟེང་ཆོས་དད་བྱེད་མཁན་མང་པོ་ཡོད། ལྷག་པར་འཇིག་རྟེན་བཀོད་པ་པོ་མི་འདོད་པར་བློའི་འགྱུར་བ་ལ་བརྟེན་ནས་བདེ་སྡུག་ཡོང་གི་ཡོད་པ་དང་། བློ་ལ་སྦྱོང་བརྡར་བྱེད་དགོས་པའི་བསམ་ཚུལ་དེའི་མིང་ལ་ཆོས་ཞེས་བཏགས་ན་མ་བཏགས་ནའང་། གང་ལྟར་སེམས་ཁམས་རིག་པས་སེམས་ལ་འགྱུར་བ་གཏོང་བར་འཛམ་གླིང་འདིའི་སྟེང་དོ་སྣང་གསར་པ་ཞིག་སླེབ་ཡོང་གི་འདུག དེ་ལྟ་བུའི་སངས་རྒྱས་པའི་ཆོས་དེ་རྒྱ་གར་ནས་དར་བ་རེད། སངས་རྒྱས་བཅོམ་ལྡན་འདས་ཀྱིས་འཁོར་ལོ་རིམ་པ་གསུམ་ཟེར་ནས། མདོ་སྡེ་དགོངས་འགྲེལ་གྱི་དོན་དག་ནང་བཞིན་བྱས་ན་འཁོར་ལོ་རིམ་པ་གསུམ་བྱས་ནས་འཁོར་ལོ་དང་པོ། འཁོར་ལོ་པར་བ། འཁོར་ལོ་ཐ་མ་ཞེས་དེ་ལྟར་ཡོད་པ་རེད།
ཅེས་སོགས་ཀྱི་བཀའ་སློབ་སྩལ་རྗེས་ཨ་རི་མི་ཆི་གན་མཐོ་སློབ་ཀྱི་Michigan State University སློབ་དཔོན་ཆེན་མོ་སྐུ་ཞབས་ཌོ་ནལྜ་ལོ་པེཛ་ལགས་ཀྱིས་རྗེ་ཙོང་པ་ཆེན་པོ་འཛམ་གླིང་ནང་ལོ་རྒྱུས་ཐོག་མཁས་པ་ཡིན་ཚུལ་སྐོར་དང་།
སེར་བྱེས་དགེ་བཤེས་ཡ་མ་རིན་ཆེན་ལགས་ཀྱིས་བསྟན་པའི་རྩ་བ་འདུལ་བ་དག་ཐེར་མཛད་ཚུལ་སོགས་རྗེ་ཙོང་ཁ་པའི་མཛད་རྗེས་གཙོ་ཆེ་བ་གང་དང་གང་ཡོད་སྐོར་རྩོམ་ཤོག་སྒྲོགས་སྦྱང་ཞུས་ཏེ་དབུ་འབྱེད་མཛད་སྒོ་རྒྱལ་ཁའི་ངང་གྲོལ་ཡོད་པ་བཅས། །