ཕྱི་ལོ་ ༢༠༡༩ ཟླ་ ༡༢ ཚེས་ ༡༨ རེས་གཟའ་ལྷག་པ།
༄༅། །འདི་གའི་ཆེད་གཉེར་གསར་འགོད་པ་ཡེ་ཤེས་ཀུན་གྲགས་ལགས་ཀྱིས་ས་གནས་ནས་བཏང་གནས་ནང་འཁོད་དོན། ཕྱི་ལོ་ ༢༠༡༩ ཟླ་ ༡༢ ཚེས་ ༡༨ རེས་གཟའ་ལྷག་པ་ཉིན་བོད་མིའི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་རྒྱ་གར་ལྷོ་ཕྱོགས་མོན་གྷོ་འདོད་རྒུ་གླིང་བོད་མིའི་གཞིས་ཆགས་སུ་རྟེན་གཞི་བྱས་པའི་དགའ་ལྡན་མ་དགོན་ཆེན་པོ་དགའ་ལྡན་བླ་སྤྱི་དང་། དགའ་ལྡན་ཤར་རྩེ་ཐོས་བསམ་ནོར་གླིང་གྲྭ་ཚང་གི་གཙུག་ལག་ཁང་དུ་ཕེབས་སྟོན་མཛད་སྒོར་ཆིབས་བསྒྱུར་བསྐྱངས་ཡོད།
དེ་ཡང་གོང་ཚེས་ཉིན་གྱི་སྔ་དྲོ་ཆུ་ཚོད་ ༡༠།༣༠ ཙམ་ལ་མགོན་པོ་གང་ཉིད་མཆོག་ཆིབས་འཁོར་བརྒྱུད་དཔལ་ལྡན་འབྲས་སྤུངས་བློ་གསལ་གླིང་གྲྭ་ཚང་ནས་ཆིབས་སྒྱུར་བཀའ་དྲིན་བསྐྱངས་ཏེ་གཞིས་གྲོང་བཞི་པར་ཡོད་པའི་ནོར་བུ་རིར་གུ་རུ་རིན་པོ་ཆེའི་སྐུ་བརྙན་ལ་རབ་གནས་དང་། དེ་བཞིན་གཞིས་གྲོང་གསུམ་པར་ས་གནས་དང་ཟུར་སྐྱིད་སྡུག་ཚོགས་པས་གསར་བཞེངས་གནང་བའི་མཆོད་རྟེན་ལ་རབ་གནས་མཛད།
དེ་ནས་དགའ་ལྡན་བླ་སྤྱིའི་གཙུག་ལག་ཁང་གི་སྒོ་འཕྱོར་འགྲམ་དུ་༸ཞབས་སོར་འཁོད་སྐབས་དགའ་ལྡན་ཤར་རྩེའི་མཁན་རིན་པོ་ཆེ་མཆོག་གིས་སྤོས་སྣེས་སྔུན་བསུས་ཏེ་གདན་ཞུས་ཀྱིས་གཙུག་ལག་ཁང་གི་བཞུགས་ཁྲིར་༸ཞབས་སོར་འཁོད་རྗེས་མཎྜལ་རྟེན་གསུམ་འདེགས་འབུལ་ཞུས་གྲུབ་རྗེས་མགོན་པོ་གང་ཉིད་མཆོག་གིས་བཀའ་སློབ་སྩལ་དོན།
དེ་རིང་སྔོན་ལ་དགའ་ལྡན་ཚོགས་ཆེན་དུ་འཁྱུག་ཙམ་རིང་བཅར་བའི་སྐབས་འདིར་མཁན་པོ་ལས་ཟུར་དང་བླ་སྤྲུལ་དགེ་བཤེས་སོགས་གང་ཙམ་ཕེབས་འདུག ཚང་མར་འཚམས་འདྲི་ཡོད། དགའ་ལྡན་དགོན་པ་ནི་རི་བོ་དགེ་ལུགས་པའི་མ་དགོན་ཆགས་ཡོད། རྗེ་རིན་པོ་ཆེ་རང་ཉིད་ཀྱིས་ཕྱག་བཏབ་པ་རེད།
རྗེ་བླ་མ་ཙོང་ཁ་བ་ཆེན་པོ་མྱ་ངན་ལས་འདས་ནས་ལོ་ ༦༠༠ འཁོར་བའི་དུས་ཚིགས་དང་བསྟུན་ནས་དགའ་ལྡན་ལྔ་མཆོད་འདིར་འཚོགས་རྒྱུ་རེད། དུས་ཚོད་ཡང་དམིགས་བསལ་ཞིག་ཆགས་ཡོད་པ་མ་ཟད། གཙོ་ཆེ་ཤོས་ང་ཚོ་བཙན་བྱོལ་བ་ཆགས་ནས་སྐྱབས་མེད་མགོན་མེད་ལྟ་བུ་ཡིན་ནའང་རྒྱ་གར་རང་དབང་ལུང་པ་ནི་ཐོག་མ་ཆོས་ཀྱི་འབྱུང་ཁུངས་རེད།
ང་ཚོའི་གདན་ས་ཁག་དང་། རྒྱུད་གྲྭ་སྨད་སྟོད་གཉིས། བཀྲ་ཤིས་ལྷུན་པོ་དང་བཅས་པ་དེ་དག་ཚང་མ་གཞི་མེད་ས་ཤིག་ལ་གཞི་གསར་པ་ཞིག་བཙུགས་དགོས་དོན་གཙོ་བོ་ཆོས་སྤྱོད་སློབ་གཉེར་བྱ་རྒྱུ་དེ་རེད། ཡག་ཐག་གཅོད་རེད། སྤྱིར་སངས་རྒྱས་ཀྱི་བསྟན་པ་དང་། ཡང་སྒོས་འཇམ་མགོན་བླ་མའི་བསྟན་པ་ཤེས་སྒྲུབ་གཉིས་ཀྱི་ཐོག་ནས་ལུང་རྟོགས་ཀྱི་བསྟན་པ་འཛིན་སྐྱོང་སྤེལ་གསུམ་བྱེད་མཁན་ཞིག་ཆགས་ཏེ་ཧ་ཅང་ཡག་པོ་རེད།
ཕྱོགས་གཅིག་ནས་ང་ཚོ་བཙན་བྱོལ་བ་ཆགས་ཏེ་སྡོད་བཞིན་ཡོད་ནའང་དོན་དག་ངོ་མའི་ཆ་ནས་དུས་རབས་འདིའི་ནང་སྤྱིར་སངས་རྒྱས་ཀྱི་བསྟན་པ་དང་། ཡང་སྒོས་འཇམ་མགོན་བླ་མའི་བསྟན་པ་དངོས་འབྲེལ་འཛམ་གླིང་འདིའི་སྟེང་བསྟན་རྒྱུ་ཡོད་པ་ཞིག་དང་ངོམས་སུ་ཆོག་པ་ཞིག་ཆགས་པ་དེ་ལྟར་རེད། ཁྱེད་རང་ཚོ་ཚང་མར་ཐུགས་རྗེ་ཆེ་ཞེས་ཞུ་རྒྱུ་ཡིན། དེ་ནས་སང་གནངས་མཇལ་གྱི་རེད། ཐུགས་རྗེ་ཆེ་ཞེས་བཀའ་སློབ་སྩལ་རྗེས་དགའ་ལྡན་ཤར་རྩེ་ཐོས་བསམ་ནོར་གླིང་གྲྭ་ཚང་གི་ཕེབས་སྟོན་མཛད་སྒོར་ཆིབས་སྒྱུར་བཀའ་དྲིན་བསྐྱངས་ཡོད་པ་བཅས། །
པར་པ། བསྟན་འཛིན་འཇིག་མེད་ལགས།