ཕྱི་ལོ་ ༢༠༡༩ ཟླ་ ༡༢ ཚེས་ ༡༨ རེས་གཟའ་ལྷག་པ།
༄༅། །འདི་གའི་ཆེད་གཉེར་གསར་འགོད་པ་ཡེ་ཤེས་ཀུན་གྲགས་ལགས་ཀྱིས་ས་གནས་ནས་བཏང་གནས་ནང་འཁོད་དོན། ཕྱི་ལོ་ ༢༠༡༩ ཟླ་ ༡༢ ཚེས་ ༡༨ རེས་གཟའ་ལྷག་པ་ཉིན་བོད་མིའི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་རྒྱ་གར་ལྷོ་ཕྱོགས་མོན་གྷོ་འདོད་རྒུ་གླིང་བོད་མིའི་གཞིས་ཆགས་སུ་རྟེན་གཞི་བྱས་པའི་དཔལ་ལྡན་འབྲས་སྤུངས་མཁས་མང་བློ་གསལ་བྱེ་བའི་གླིང་གྲྭ་ཚང་གི་རྩོད་རྒྱུགས་ཐོག་ཐུགས་ཞིབ་མཛད་རྗེས་བཀའ་སློབ་སྩལ་ཡོད།
དེ་ཡང་གོང་ཚེས་ཉིན་གྱི་སྔ་དྲོ་ཆུ་ཚོད་ ༨།༣༠ ཙམ་ལ་མགོན་པོ་གང་ཉིད་མཆོག་༸རྒྱལ་བའི་གཟིམ་ཆུང་ཕོ་བྲང་ནས་དཔལ་ལྡན་འབྲས་སྤུངས་བློ་གསལ་གླིང་གྲྭ་ཚང་གི་འདུ་ཁང་ནང་གི་རྩོད་རྒྱུགས་ལས་རིམ་གྱི་ཚོགས་མགོན་དུ་༸ཞབས་སོར་བདེ་བར་འཁོད་གྲུབ་མཚམས་གྲྭ་ཚང་གི་འཛིན་གྲྭ་རིམ་པས་གཞུང་ཆེན་བཀའ་པོད་ལྔའི་ཁོངས་ནས་དབུ་མ་དང་། ཚད་མ། ཕར་ཕྱིན་བཅས་ཀྱི་རྩོད་རྒྱུགས་སྤྱན་བསྟར་ཞུས་པ་དང་། རྩོད་རྒྱུགས་ཀྱི་ལས་རིམ་ཁག་ལེགས་པར་གྲུབ་རྗེས་མགོན་པོ་གང་ཉིད་མཆོག་གིས་བཀའ་སློབ་སྩལ་དོན། དེ་རིང་དམ་བཅའ་ཚོགས་ཏེ་ཡིད་དབང་འཕྲོག་པ་ལྟ་བུ་བྱུང་། ཧ་ཅང་ཡག་པོ་འདུག མ་གཞི་ནས་རྒྱང་གྲགས་དེ་གསལ་པོ་འདུག ཁྱེད་རང་ཚོས་རྟགས་གསལ་གཏོང་སྐབས་ངོས་ཀྱི་བསམ་བློའི་ནང་བཏགས་དོན་བཙལ་ན་རྙེད་རྒྱུ་མེད་པ་དང་། འཇིག་རྟེན་གྲགས་ཚོད་ཙམ་གྱི་ཡོད་པ་མ་གཏོགས་ཕར་ཧ་ཅང་བརྩལ་ནས་དོན་གྱི་ངོས་ནས་མཛུབ་མོ་འཛུགས་ས་ཚད་མ་བ་དང་། ཚད་མའི་འཇུག་ཡུལ་རང་མཚན་ཞིག་ང་ཚོས་བཤད་ཀྱི་ཡོད་པ་འདི་ཡོད་པ་མ་རེད། འཇིག་རྟེན་གྲགས་པའི་ངོས་ནས་ཡོད་པ་ཞིག་དང་། མཇུག་ཏུ་ཐ་སྙད་དུ་གྲགས་འདུག་ཅེས་པ་མ་གཏོགས་ཧ་ཅང་བརྩལ་དུ་ཕྱིན་པ་ཡིན་ན། རྙེད་རྒྱུ་མེད་པའི་བཟོ་འདྲ་ཞིག་རེད།
སྔ་མོ་བོད་ལ་དགའ་ལྡན་དགེ་བཤེས་ཡིན་ནམ་གང་ལྟར་དགེ་བཤེས་ཤིག་ཡོད་པ་རེད། རྟགས་གསལ་བཏང་ནས་ཡིན་པའི་ཕྱིར་ཞེས་བརྗོད་སྐབས་ཡིན་འགྲོ་ཞེས་དང་། མ་ཡིན་པའི་ཕྱིར་ཞེས་བརྗོད་སྐབས་མིན་འགྲོ་ཞེས་བརྗོད་མཁན་ཞིག་ཡོད།
སྐྱབས་རྗེ་གླིང་རིན་པོ་ཆེ་མཆོག་ཐོག་མར་མཁས་མང་བློ་གསལ་གླིང་གྲྭ་ཚང་ནས་སློབ་གཉེར་གནང་སྟེ། ཕྱིས་སུ་དགའ་ལྡན་ཁྲི་པ་གནང་བ་རེད། ཕྱོགས་གཅིག་ནས་༸རྒྱལ་བའི་ཡོངས་འཛིན་གནང་བ་རེད། དངོས་འབྲེལ་མདོ་སྔགས་རབ་འབྱམས་སྨྲ་བ་ཞིག་རེད། གྲྭ་ཚང་འདི་ནས་ཐོན་པ་རེད།
ངོས་ཀྱིས་དུས་རྟག་ཏུ་བརྗོད་བཞིན་པའི་མ་འོངས་པ་ཡིན་ནའང་སངས་རྒྱས་ཀྱི་བསྟན་པ་རིགས་པའི་ལམ་ནས་བཤད་རྒྱུ་ཞིག་ཆགས་ནས་མཐོང་བ་མངོན་གྱུར་སྟེང་སླེབས་སྐབས་ཚན་རིག་པ་དང་ལྷན་འགྲོ་བཞིན་པ་ཞིག་ཏན་ཏན་རེད་འདུག དེར་བརྟེན་གལ་ཏེ་འཛམ་གླིང་མུ་མཐུད་གནས་པ་ཡིན་ན་སངས་རྒྱས་ཀྱི་བསྟན་པ་འབྱུང་འགྱུར་ལོ་བརྒྱ་ཕྲག་ཁ་ཤས་གནས་རྒྱུ་རེད། སངས་རྒྱས་པའི་བསྟན་པ་རིགས་པའི་རྒྱུ་མཚན་ལ་བརྟེན། རིགས་པས་སྒྲུབ་བྱེད་བཀོད་ནས་མཐར་གཏུགས་ཡོང་སྐབས་སེམས་ལ་བདེ་སྐྱིད་དང་ཞི་བདེ་ཡོང་བ་ཞིག་རེད། དེར་བརྟེན་སྤྱིར་ཆོས་ལུགས་ཚང་མ་ཧ་ཅང་ཡག་པོ་རེད། འོན་ཀྱང་ཆོས་ལུགས་གཞན་རྣམས་ཀྱིས་གཙོ་བོ་སྨོན་ལམ་རྒྱག་རྒྱུ་མ་གཏོགས་གཞན་གང་ཡང་མེད། སངས་རྒྱས་པའི་ཆོས་ནི་རིགས་པར་བརྟེན་ནས་མིའི་ཆོས་རབ་ཏུ་རྣམ་འབྱེད་ཀྱི་ཤེས་རབ་དེ་ལྟར་ཡོད་པ་དེ་བེད་སྤྱོད་བྱས་ནས་སེམས་ཀྱི་ཞི་བདེ་བསྒྲུབ་རྒྱུའི་ཐབས་ལམ་ཧ་ལས་པ་ཞིག་རེད་འདུག དེར་བརྟེན་ཁྱེད་རང་ཚོའི་ཁུངས་ནང་པ་ཆགས་ཡོད། འོན་ཀྱང་ང་ཚོས་སློབ་སྦྱོང་བྱ་རྒྱུ་དེ་འཛམ་གླིང་འདིའི་སྟེང་མི་སྤྱི་ལ་ཕན་ཐོགས་ཡོད་པ་ཞིག་ཏན་ཏན་རེད།
ངོས་ཀྱིས་ནམ་རྒྱུན་ཆོས་དང་སྤྱིར་བཏང་གི་ཤེས་ཡོན་བཅས་སྡེ་ཚན་གཉིས་སུ་ཕྱེ་ནས་སེམས་ཁམས་རིག་པ་དང་ཚད་མ་རིག་པ། ལྟ་གྲུབ་དེ་དག་བཤད་ཡོང་དུས་ཨིན་ཇིའི་སྐད་ཐོག་ religion,faith,academic བཅས་ཆོས་ལ་དད་པ་ཡོད་མེད་ལ་མ་ལྟོས་པར་མི་ཚང་མས་བདེ་སྐྱིད་འདོད་པ་གཅིག་མཚུངས་རེད། ཀླད་པ་ཡོད་པ་གཅིག་མཚུངས་རེད། དཔལ་ནཱ་ལེནྜའི་ལེགས་སྦྱར་ཆོས་བརྒྱུད་འདི་གཞན་དང་མི་འདྲ་བ་རེད་འདུག དེང་སྐབས་མཛུབ་མོ་འཛུགས་ས་བོད་པ་གཅིག་པོ་མ་གཏོགས་མེད། བོད་པའི་ནང་ནས་གཞུང་ཆེན་སློབ་གཉེར་གནང་མཁན་གདན་ས་དེ་དག་རེད། དེར་བརྟེན་འདི་ག་བློ་གསལ་གླིང་གྲྭ་ཚང་འདི་ནི་དངོས་འབྲེལ་འདྲ་འདྲའི་ནང་ནས་མི་འདྲ་བ་བྱས་ཏེ་ཧ་ཅང་ཡག་པོ་རེད། ད་དུང་ཡིན་ནའང་ཚང་མས་བོད་རིགས་ཤིག་ཡིན་པའི་ངོས་ནས་བོད་པའི་མཚན་མཐོང་ལ་རྒྱ་འཕེལ་རྒྱུ་དང་། དེ་བཞིན་མི་ཞིག་ཡིན་པའི་ངོས་ནས་འཛམ་གླིང་སྤྱི་ལ་ཕན་ཐོགས་ཇི་ཙམ་བྱེད་ཐུབ་རྒྱུ་འདུག འདི་དགོངས་པ་བཞེས་དགོས།
ང་ཚོས་སེམས་ཅན་ཐམས་ཅད་ཟེར་རྒྱུའི་ཚིག་འདི་ཧ་ཅང་སྙན་པོ་འདུག་སྟེ། སེམས་ཅན་གྲངས་མེད་པ་ཡོད་སྟབས། ང་ཚོས་དེ་ཙམ་བྱེད་ཐུབ་པ་གང་ཡང་མེད། འཛམ་གླིང་བྱེ་བ་ཕྲག་བརྒྱ་ཞེས་བཤད་བཞིན་པའི་འཛམ་གླིང་གཞན་དག་དེ་ཚོའི་གྲས་ལ་ང་ཚོས་སྨོན་ལམ་བརྒྱག་རྒྱུ་ཙམ་མ་གཏོགས་གཞན་གང་ཡང་མེད། ང་ཚོས་སེམས་ཅན་ཐམས་ཅད་བདེ་བ་དང་བདེ་བའི་རྒྱུ་དང་ལྡན་པར་གྱུར་ཅིག་ཅེས་པའི་སྨོན་ལམ་འདི་ཁ་ཡོད་ལག་ཡོད་སྟེང་འགྲོ་རྒྱུ་ནི་འཛམ་གླིང་འདིའི་སྟེང་གི་སྲོག་ཆགས་དེ་དག་རེད། དེའི་ནང་ནས་དུད་འགྲོ་ལ་སོགས་པ་དེ་དག་གང་ཡང་བྱ་རྒྱུ་མི་འདུག མི་ཁོ་ན་རེད། འགྲོ་བ་མི་དུང་ཕྱུར་བདུན་ཅུ་ཙམ་ཡོད་པ་དེ་དག་སྐད་མི་འདྲ་བ་རེད། འོན་ཀྱང་མིར་སྐད་ཆ་བཤད་རྒྱུ་ཡོད་པ་དང་། ནམ་རྒྱུན་སྨྲ་བཤད་དོན་གོ་བ་ཟེར་བ་དེ་གཅིག་གྱུར་ཆགས་ཡོད། དཔལ་ནཱ་ལེནྜའི་ལེགས་སྦྱར་ཆོས་བརྒྱུད་རིགས་པའི་ལམ་ནས་བཤད་རྒྱུ་ཡོད་པ་འདི་བདག་པོ་རྒྱག་མཁན་བོད་པ་མ་གཏོགས་མེད། ང་ཚོས་སེམས་ཅན་ཐམས་ཅད་ཅེས་སྨོན་ལམ་རྒྱག་བཞིན་པ་འདི་ཁ་ཡོད་ལག་ཡོད་བཤད་ཡོང་དུས་འཛམ་གླིང་འདིའི་སྟེང་གི་མི་དུང་ཕྱུར་བདུན་ཅུ་ཙམ་ལ་ཕལ་ཆེར་ཕན་ཐོགས་ཡོང་ཐུབ་པ་ཞིག་འདུག མཁྱེན་སོང་ངམ།
ད་ལྟ་སྐྱེ་བ་སྔ་ཕྱི་བསྒྲུབ་རྒྱུ་དེ་དག་སྐྱེ་བ་སྔ་ཕྱི་ཁས་མི་ལེན་མཁན་ཚོར་རྟགས་གསལ་ཇི་ཙམ་གཏོང་ཐུབ་ཀྱི་ཡོད་དམ། ༼བཞད་མོ་བཞད།༽ གང་ལྟར་སྐྱེ་བ་སྔ་ཕྱི་བྱས་ནས་སྐྱེ་བ་ཕྱི་མའི་སྐད་ཆ་གང་ཡང་བཤད་མི་དགོས། ཉིན་རེ་བཞིན་སེམས་སྐྱིད་པ་ཞིག་དང་། སེམས་ལ་ཞི་བདེ་ཡོད་པ་ཞིག་བཟོ་བར་སློབ་སྦྱོང་བྱས་པ་དེ་དག་གིས་ཏན་ཏན་ཕན་ཐོགས་བྱེད་ཐུབ་པ་འདུག འཛམ་གླིང་མི་དུང་ཕྱུར་བདུན་ཅུ་ཚང་མ་སྡུག་བསྔལ་མི་འདོད་པ་དང་བདེ་བ་འདོད་པ་ཤ་སྟག་རེད། སྡུག་བསྔལ་དང་བདེ་བ་ཟེར་རྒྱུ་འདི་ཚེ་ཕྱི་མའི་སྐད་ཆ་མ་རེད། ཚེ་འདི་གཅིག་པོར་ཉིན་རེ་བཞིན་སེམས་སྐྱིད་པ་དང་བག་ཕེབས་པ་ཞིག་དགོས།
ངོས་དང་སྣེ་ཤན་པ་གཉིས་ངོ་ཤེས་པ་རེད། མི་ཡག་པོ་རེད། བསམ་བློ་ཧ་ཅང་ཡོད། ཁ་སང་ཁོང་གིས་ངོས་ལ་གཉིད་ག་འདྲ་བྱུང་ཞེས་བརྗོད་བྱུང་། གཉིད་ཧ་ཅང་ཡག་པོ་བྱུང་། ངོས་ཀྱིས་བྱང་ཆུབ་ཀྱི་སེམས་ལ་བསམ་བློ་གཏོང་གི་ཡོད་པ་རེད། བྱང་ཆུབ་སེམས་ཀྱི་དམིགས་པ་ནི་རྣམ་མཁྱེན་རྒྱལ་བའི་གོ་འཕང་འཐོབ་རྒྱུ་དང་། སེམས་ཅན་ཐམས་ཅད་དེའི་ས་ལ་བགྲོད་རྒྱུ་ཟེར་གྱི་ཡོད་པ་རེད། དེའི་ཞོར་ལ་གཉིད་སྐྱིད་པོ་ཡོང་གི་འདུག་ཅེས་བརྗོད་པ་ཡིན། འདི་ཏན་ཏན་རེད། བྱང་ཆུབ་སེམས་ཀྱིས་རང་གཅེས་འཛིན་ཤུགས་ཆུང་དུ་བཏང་ནས་སེམས་ཅན་ཐམས་ཅད་གཉེན་དུ་མཐོང་བ་ཆགས་ཡོང་སྐབས་རང་བཞིན་གྱིས་སེམས་ལ་ཞི་བདེ་དང་དངངས་སྐྲག་བྱ་རྒྱུ་ཁྱོན་ནས་མེད་པ་ཏན་ཏན་ཁྱད་པར་འདུག དེ་དག་གིས་སེམས་ལྷོད་ལྷོད་དང་། སེམས་ཞི་བ། ལུས་བདེ་བ། གཉིས་སྐྱིད་པ། དེའི་ཐོག་ནས་ཚེ་རིང་བ་ཡོང་གི་ཡོད། ཚེ་སྒྲུབ་ཟེར་རྒྱུ་འདི་བྱང་ཆུབ་ཀྱི་སེམས་བསྒོམ་ན་དེ་ལས་ལྷག་ཚེ་སྒྲུབ་བྱ་རྒྱུ་མེད། ཚེ་སྒྲུབ་བྱ་རྒྱུའི་ཐབས་བཟང་ཤོས་བྱང་ཆུབ་ཀྱི་སེམས་བསྒོམ་རྒྱུ་རེད། དེའི་སྟེང་སྟོང་ཉིད་ཀྱི་ལྟ་བ་བསྒོམ་རྒྱུ་རེད། དེ་ལྟར་བྱུང་ན་ཚེ་རིང་བ་འདིས་ཡོང་གི་རེད།
འགྲོ་བའི་འཆི་བདག་འཇོམས་བྱེད་པའི། །བདུད་རྩི་མཆོག་ཀྱང་འདི་ཡིན་ནོ། །འགྲོ་བའི་དབུལ་བ་སེལ་བ་ཡི། །མི་ཟད་གཏེར་ཡང་འདི་ཡིན་ནོ། །འགྲོ་བའི་ནད་རབ་ཞི་བྱེད་པའི། །སྨན་གྱི་མཆོག་ཀྱང་འདི་ཡིན་ནོ། །སྲིད་ལམ་འཁྱམས་ཤིང་དུབ་པ་ཡི། །འགྲོ་བའི་ངལ་བསོའི་ལྗོན་ཤིང་ཡིན།
ང་ཚོ་སྲིད་པ་འཁོར་བར་ལས་ཉོན་གྱི་གཞན་དབང་བྱས་ནས་བསྡད་ཡོད་ནའང་སྐྱེ་བ་འདི་གང་ཐུབ་གཞན་ཕན་སྒྲུབ་ཐུབ་པ་དང་། ལས་ཉོན་གྱི་གཞན་དབང་གིས་སྐྱེ་བ་འདི་བླངས་ཡོད་ནའང་སྐྱེ་བ་འདི་དོན་ཕན་ལྡན་པ་ཞིག་ཡོང་བཞིན་འདུག
སྲིད་ལམ་འཁྱམས་ཤིང་དུབ་པ་ཡི། །འགྲོ་བའི་ངལ་བསོའི་ལྗོན་ཤིང་ཡིན། །འགྲོ་བ་ཐམས་ཅད་ངན་འགྲོ་ལས། །སྒྲོལ་བར་བྱེད་པའི་སྤྱི་སྟེགས་ཡིན། །འགྲོ་བའི་ཉོན་མོངས་གདུང་སེལ་བའི། །སེམས་ཀྱི་ཟླ་བ་ཤར་བ་ཡིན། །འགྲོ་བའི་མི་ཤེས་རབ་རིབ་དག །དཔྱིས་འབྱིན་ཉི་མ་ཆེན་པོ་ཡིན། །དམ་ཆོས་འོ་མ་བསྲུབས་པ་ལས། །མར་གྱི་ཉིང་ཁུ་ཕྱུང་བ་ཡིན། །འགྲོ་བའི་འགྲོན་པོ་སྲིད་པའི་ལམ་རྒྱུ་ཞིང་། །བདེ་བའི་ལོངས་སྤྱོད་སྤྱད་པར་འདོད་པ་ལ། །འདི་ནི་བདེ་བའི་མཆོག་ཏུ་ཉེར་གནས་ཏེ། །སེམས་ཅན་འགྲོན་ཆེན་ཚིམ་པར་བྱེད་པ་ཡིན། །བདག་གིས་དེ་རིང་སྐྱོབ་པ་ཐམས་ཅད་ཀྱི། །སྤྱན་སྔར་འགྲོ་བ་བདེ་གཤེགས་ཉིད་དང་ནི། །བར་དུ་བདེ་ལ་མགྲོན་དུ་བོས་ཟིན་གྱིས། །ལྷ་དང་ལྷ་མིན་ལ་སོགས་དགའ་བར་གྱིས། །
ཞེས་སྤྱོད་འཇུག་གི་སེམས་བསྐྱེད་ཀྱི་མཇུག་ཏུ་གསུང་པ་འདི་སེམས་ལ་ཧ་ཅང་ཕན་པོ་རེད། ངོས་ཀྱིས་ཉིན་ལྟར་འདོན་བཞིན་ཡོད། བསམ་བློ་གཏོང་གི་ཡོད། ཕན་གྱི་འདུག ང་ཚོ་ཚང་མ་ཆོས་གྲོགས་ནང་ཚགས་རེད། སློབ་གཉེེར་དེ་དག་མཐར་སྡོམ་རྒྱག་ཡོང་སྐབས་སེམས་རྒྱུད་རང་གཅེས་འཛིན་གྱི་གཞན་དབང་དུ་ཡོད་པ་དང་། བདེན་འཛིན་གྱི་གཞན་དབང་དུ་ཡོད་པ་དེ་དག་མར་ཤུགས་ཆུང་དུ་བཏང་བ་འདི་གནང་ཤོག་ཨང་། རང་དོན་དང་གཞན་དོན་འདིས་སྒྲུབ་ཀྱི་རེད། གནས་སྐབས་དང་མཐར་ཐུག་གི་དགོས་དོན་འདིས་སྒྲུབ་ཀྱི་རེད། ཅེས་བཀའ་སློབ་སྩལ་རྗེས་དགའ་ལྡན་བླ་སྤྱིར་ཆིབས་ཞལ་བསྒྱུར་ཡོད་པ་བཅས། །