ཕྱི་ལོ་ ༢༠༡༩ ཟླ་ ༡༢ ཚེས་ ༡༦ རེས་གཟའ་ཟླ་བ།
༄༅། །འདི་གའི་ཆེད་གཉེར་གསར་འགོད་པ་ཡེ་ཤེས་ཀུན་གྲགས་ལགས་ཀྱིས་ས་གནས་ནས་བཏང་གནས་ནང་འཁོད་དོན། ཕྱི་ལོ་ ༢༠༡༩ ཟླ་ ༡༢ ཚེས་ ༡༦ རེས་གཟའ་ཟླ་བ་ཉིན་གྱི་སྔ་དྲོ་བོད་མིའི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་མོན་གྷོ་འདོད་རྒུ་གླིང་བོད་མིའི་གཞིས་ཆགས་སུ་རྟེན་གཞི་བྱས་པའི་དཔལ་ལྡན་འབྲས་སྤུངས་མཁས་མང་བློ་གསལ་བྱེ་བའི་གླིང་གི་ཆོས་རའི་ནང་དད་ལྡན་ཆོས་ཞུ་བ་སེར་སྐྱ་ཆིག་ཁྲི་བརྒལ་བར་རྗེ་ཚེ་འཛིན་མའི་ཚེ་དབང་བཀའ་དྲིན་སྩལ་ཡོད།
དེ་ཡང་གོང་ཚེས་ཉིན་གྱི་སྔ་དྲོ་ཆུ་ཚོད་ ༩ ཙམ་ལ་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གཟིམ་ཆུང་ཕོ་བྲང་ནས་ཆོས་རར་ཆིབས་སྒྱུར་བཀའ་དྲིན་བསྐྱངས་ཏེ་བཀའ་དབང་སྔོན་འགྲོའི་སྒྲུབ་བཞག་གྲུབ་མཚམས་མགོན་པོ་གང་ཉིད་མཆོག་གིས་བཀའ་སློབ་སྩལ་དོན། དེ་སྔ་འདིར་བློ་གསལ་གླིང་གི་ཆོས་རར་མང་ཚོགས་ལ་ཆོས་འབྲེལ་དང་གཏམ་བཤད་བྱས་པ་ཡིན། དེ་རིང་འདིར་གཙོ་བོ་ཚེ་དབང་བྱ་རྒྱུ་རེད། གང་ལྟར་ཚེ་སྒྲུབ་ངོ་མ་ནི་སེམས་ལ་ཞི་བདེ་དགོས། སེམས་ལྷོད་ལྷོད་བྱུང་ན། ལུས་ཀྱི་འབྱུང་བ་དེ་དག་ཆ་སྙོམས་པ་དང་། ལུས་ཀྱི་འབྱུང་བ་དེ་དག་ཆ་སྙོམས་ཡོང་དུས་ལུས་ཀྱི་ཟུངས་དེ་དག་ཡར་སོས་ནས་ཚེ་རོང་པོ་བསྡད་རྒྱུ་ཡོང་གི་རེད། སེམས་ལ་ཆགས་སྡང་སྐྱེས་ཏེ་ཚེ་སྒྲུབ་དང་ཚེ་གཟུངས་དུང་ཕྱུར་མང་པོ་བསགས་པ་ཡིན་ནའང་ཧ་ཅང་ཕན་ཐོགས་མེད།
ཆོས་ཀྱི་སྙིང་པོ་བྱང་ཆུབ་སེམས་རེད། རྒྱུ་མཚན་ལྡན་པའི་ཐོག་ནས་བྱང་ཆུབ་ཀྱི་སེམས་བཟང་པོ་འཁོར་བར་སྟོང་ཉིད་ཀྱི་ལྟ་བ་དགོས། ངོས་ཀྱིས་ཉམས་མྱོང་ཐོག་ནས་བཤད་པ་ཡིན་ནའང་བྱང་ཆུབ་ཀྱི་སེམས་དང་སྟོང་ཉིད་ཀྱི་ལྟ་བ་སྒོམ་ན་ཚེ་སྒྲུབ་ངོ་མ་རེད། དེར་བརྟེན་ཁྱེད་རང་ཚོ་མང་ཚོགས་ངོས་ནས་ཀྱང་སྐྱབས་སུ་མཆི་ཞེས་པ་ཙམ་མིན་པར་སྐྱབས་སུ་མཆི་སའི་ཡུལ་དེ་ག་འདྲ་རེད།
དཔལ་མགོན་འཕགས་པ་ཀླུ་སྒྲུབ་ཀྱིས། གང་གིས་ཐུགས་བརྩེས་ཉེར་བཟུང་ནས། །ལྟ་བ་ཐམས་ཅད་སྤངས་པའི་ཕྱིར། །དམ་པའི་ཆོས་ནི་སྟོན་མཛད་པ། །གཽ་ཏམ་དེ་ལ་ཕྱག་འཚལ་ལོ། །ཞེས་དང་། ལྟ་བ་ཐམས་ཅད་སྤང་རྒྱུའི་དོན་དུ་གང་གསུང་ཡོད་ཅེ་ན། གང་གི་རྟེན་ཅིང་འབྲེལ་པར་བྱུང༌། །འགག་པ་མེད་པ་སྐྱེ་མེད་པ། །ཆད་པ་མེད་པ་རྟག་མེད་པ། །འོང་བ་མེད་པ་འགྲོ་མེད་པ། །ཐ་དད་དོན་མེད་དོན་གཅིག་མིན། །སྤྲོས་པ་ཉེར་ཞི་ཞི་བསྟན་པ། ཞེས་པ་འདིས་རང་གཞན་ཕུང་བར་བྱ་རྒྱུའི་ཕྱིན་ཅི་ལོག་གི་ལྟ་བ་དེ་དག་སེལ་བར་རྟེན་འབྱུང་གི་དེ་ཁོ་ན་ཉིད་ཤེས་དགོས་ཞེས་གསུང་གི་ཡོད་པ་རེད། གང་ལྟར་དེ་རིང་འདིར་ཡོད་པའི་དགེ་འདུན་པ་ཚོ་ལྟ་ཅི་སྨོས་སྐྱ་བོ་མི་མང་ཚོ་ཡིན་ནའང་གཞན་ཕན་གྱི་བློ་དེ་ཧ་ཅང་གལ་ཆེན་པོ་རེད།
ང་ཚོ་མའི་མངལ་ནས་བཙའ་སྐབས་ཁོང་ཁྲོ་ལངས་ནས་ཡོང་གི་མ་རེད། མ་ནས་བཙའ་སྐབས་ཨ་མས་ཧ་ཅང་བྱམས་སྐྱོང་གནང་བཞིན་ཡོད། ཕྲུ་གུ་དེ་ཡང་ལུས་ངག་ཡིད་གསུམ་ཨ་མར་བསྟེན་ནས་དེ་ལྟར་བརྩེ་བའི་འབྲེལ་བ་འོག་ནས་ཕྲུ་གུའི་ལུས་འཚར་ལོངས་དང་ལྷན་ཀླད་པ་ཡར་རྒྱས་འགྲོ་གི་ཡོད། གང་ལྟར་བརྩེ་བ་ཟེར་རྒྱུ་འདི་ཧ་ཅང་གལ་ཆེན་པོ་རེད་འདུག དུད་འགྲོ་ཡིན་ནའང་ཕར་བརྩེ་བ་བྱས་ན་ཚུར་དགའ་བོ་བྱེད་ཀྱི་རེད། འཛམ་གླིང་འདིའི་སྟེང་དངོས་ཡོད་གནས་ཚུལ་ལ་མིས་མིར་གསོད་རེས་བཏང་བ་དང་། མཐར་ཆོས་དེའང་མི་ཕན་ཚུན་གསོད་རེས་གཏོང་རྒྱུའི་རྒྱུ་མཚན་ལ་བཀོད་ནས་འཁྲུག་པ་རྒྱག་བཞིན་པ་དེ་དག་གཙོ་བོ་སེམས་ཀྱི་ཆགས་སྡང་གི་དབང་དུ་བཏང་ནས་བྱུང་བ་རེད།
ཕྲུ་གུ་ཆུང་ཆུང་གིས་ཕན་ཚུན་ཆོས་ལུགས་གང་ཡིན་པ་དང་ཆོས་དད་ཡོད་མེད་ཀྱི་སྐད་ཆ་བཤད་ཀྱི་མ་རེད། ཕན་ཚུན་རྩེད་མོ་རྩེད་ནས་བསྡད་ཀྱི་རེད། རིམ་བཞིན་ནར་སོན་པའི་སྐབས་ང་དང་ཁྱོད། ང་ཚོ་དང་ཁོ་ཚོ་ཟེར་རྒྱུའི་སྐད་ཆ་ཡོང་སྟེ་ཆུང་དུས་སྐབས་ཡོད་པའི་བྱམས་བརྩེ་གཅིག་གྱུར་བྱས་ནས་ལྟ་བཞིན་པ་དེ་ཕར་འགྱུར་བ་ཕྱིན་ནས་ང་ཚོ་དང་ཁྱོད་ཚོ་ཟེར་རྒྱུའི་ཐོག་ནས་རང་ཕྱོགས་ལ་ཆགས། གཞན་ཕྱོགས་ལ་སྡང་། རྙོག་གྲ་ཚང་མ་འདི་ལས་ཡོང་བ་རེད། དེ་འདྲའི་རྙོག་གྲ་ཡོང་རྒྱུ་འདི་སྔགས་བགྲངས་ནས་ཕན་གྱི་མ་རེད། གཏོར་མ་བརྒྱབ་ནའང་ཕན་གྱི་མ་རེད། སེམས་ལ་སྦྱོང་བརྡར་སྤྲད་དགོས། སེམས་ལ་སྦྱོང་བརྡར་བྱེད་ཟེར་རྒྱུ་ནི་དཀོན་མཆོག་མཁྱེན་ཞེས་སྨོན་ལམ་རྒྱག་རྒྱུ་མ་རེད།
བཅོམ་ལྡན་འདས་ཀྱིས་སེམས་ཁམས་རིག་པ་འདི་ཧ་ཅང་ཞིབ་ཚགས་པོར་གསུང་ཡོད། སེམས་ཁམས་རིག་པ་དང་འབྲེལ་ནས་བློ་བཅོས་སྟངས་སྐོར་གསུང་པ་འདི་སྤྱིར་རྒྱ་གར་འཕགས་པའི་ཡུལ་ལ་ལོ་ངོ་སྟོང་ཕྲག་གསུམ་གྱི་གོང་ནས་ Ahimsa ཞེས་འཚེ་བ་མེད་པ་དང་། དེ་བཞིན་ Karuna ཞེས་སྙིང་རྗེ། དེ་ནས་གཅེར་བུ་བའི་ཆོས་ལུགས་ནི་འཚེ་བ་མེད་པའི་ལྟ་གྲུབ་ཧ་ཅང་ཤུགས་ཆེན་པོ་རེད། དཀར་ཟས་ཁོ་ནར་སྟེན་མཁན་ཧ་ཅང་ཡག་པོ་རེད་འདུག དེ་བཞིན་གོས་ལ་དང་འདོད་མ་བྱས་པར་ཕྱོགས་ཀྱི་གོས་ཅན་ཞེས་ཟེར་གྱི་ཡོད་པ་རེད།
གང་ལྟར་གཅེར་བུ་རང་བྱས་ནས་སྡོད་མཁན་འདུག ངོས་རང་གཅེར་བུ་པ་དེ་འདྲ་དང་ཐུག་མྱོང་། དམར་ཧྲེང་རང་རེད། ངོས་རང་ཧ་ལས་སོང་། སྐབས་ཤིག་ལྡི་ལིར་ང་ཚོ་ཚོགས་འདུ་ཞིག་ཏུ་གཅེར་བུ་པའི་ཆོས་པ་གཅིག་གཅེར་བུ་རང་རེད། ངོས་ཀྱི་འཁྲིས་སུ་འདུག ངོས་རང་དང་བའི་དད་པ་ཞིག་སྐྱེས་སོང་། ཁོང་གི་པུས་མོ་ལ་ངོས་ཀྱིས་མགོ་གཏུགས་པ་ཡིན། ཧ་ཅང་ཡག་པོ་རེད། རྒྱ་གར་གཅེར་བུ་བའི་ཆོས་ལུགས་ཀྱིས་འཚེ་མེད་ཞི་བའི་ལྟ་སྤྱོད་ཧ་ལས་པ་ཡོད།
དེའི་རྗེས་སུ་སྟོན་པ་ཤཱཀྱ་ཐུབ་པ་འཇིག་རྟེན་འདིར་བྱོན་པ་རེད། དེ་ལྟ་བུའི་འཚེ་བ་མེད་པའི་ལྟ་གྲུབ་སྐོར་ཤུགས་ཆེན་པོ་གསུང་པ་མ་ཟད། དེ་ཡང་རིགས་པ་ལ་བརྟེན་ནས་འགྲོ་རྒྱུ་གསུང་པ་ཡིན་སྟབས། རྒྱ་གར་ནང་གྲངས་ཅན་པའི་སྟོན་པ་ནས་བཟུང་སྟོན་པ་མང་པོ་བྱུང་ཡོད། སྟོན་པ་དེ་དག་གི་ནང་ནས་ལྟ་གྲུབ་ཀྱི་རྣམ་གཞག་ཞིབ་ཚགས་པོ་བྱས་ནས་གསུང་མཁན་བཅོམ་ལྡན་འདས་ཁོ་ན་རེད་འདུག བཅོམ་ལྡན་འདས་ཀྱིས་ནང་པའི་ཆོས་ནང་སེམས་ཁམས་རིག་པའི་སྐོར་གསུང་གི་ཡོད་པ་རེད། སེམས་ལ་བཟོ་བཅོས་རྒྱག་དགོས་སྟབས་སེམས་ཀྱི་རྣམ་གཞག་དེ་ཤེས་དགོས།
བཅོམ་ལྡན་འདས་ཀྱིས་ལོ་ཉིས་སྟོང་ལྔ་བརྒྱ་གོང་ལ་གསུང་པའི་སེམས་ཁམས་རིག་པ་དང་འབྲེལ་བའི་ལྟ་གྲུབ་ནི་དེང་སྐབས་འཛམ་གླིང་ཚན་རིག་ཡར་རྒྱས་ཆེན་པོ་ཕྱིན་པའི་དུས་ཚོད་ལའང་སེམས་ཁམས་རིག་པའི་སྐོར་ལ་ནང་པའི་སེམས་ཁམས་རིག་པ་ནས་ཚུར་བློ་སྐྱེད་ལེན་ཐུབ་པ་ཞིག་ལ་བརྩི་བཞིན་འདུག དེ་ནས་བཅོམ་ལྡན་འདས་ཀྱིས་འཁོར་ལོ་དང་པོ་བདེན་བཞིའི་ཆོས་འཁོར་པཱ་ལིའི་གཞུང་ནང་ཡོད་པ་དེ་དག་རེད། ཅེས་སོགས་ཀྱི་བཀའ་སློབ་སྩལ་རྗེས་རྗེ་ཚེ་འཛིན་མའི་ཚེ་དབང་བཀའ་དྲིན་སྩལ་ཡོད་པ་བཅས།།