ཕྱི་ལོ་ ༢༠༡༩ ཟླ་ ༡༢ ཚེས་ ༡༤ རེས་གཟའ་སྤེན་པ།
༄༅། །འདི་གའི་ཆེད་གཉེར་གསར་འགོད་པ་ཡེ་ཤེས་ཀུན་གྲགས་ལགས་ཀྱིས་ས་གནས་ནས་བཏང་གནས་ནང་འཁོད་དོན། ཕྱི་ལོ་ ༢༠༡༩ ཟླ་ ༡༢ ཚེས་ ༡༤ ཉིན་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་དཔལ་ལྡན་འབྲས་སྤུངས་བཀྲ་ཤིས་སྒོ་མང་གྲྭ་ཚང་གི་ཆོས་ར་གསར་པ་དབུ་འབྱེད་དང་། ཨེ་མོ་རི་དང་བོད་ཀྱི་ཚན་རིག་ལས་རིམ་དངོས་གཞི་ལག་བསྟར་རིམ་པ་མཇུག་སྒྲིལ་སྟེ་རྒྱུན་འཁྱོང་རིམ་པར་འཇུག་པའི་མཚམས་སྦྱོར་མཛད་སྒོར་དབུ་བཞུགས་ཀྱིས་དཔལ་ནཱ་ལེནྜའི་པཎ་ཆེན་བཅུ་བདུན་གྱི་གསོལ་འདེབས་དང་། ལྕང་སྐྱ་རོལ་བའི་རྡོ་རྗེའི་ལྟ་བའི་གསུང་མགུར་ཟབ་མོ་བཅས་ཀྱི་ཆོས་འབྲེལ་སྩལ་སོང་།
དེ་ཡང་གོང་ཚེས་ཉིན་གྱི་སྔ་དྲོ་ཆུ་ཚོད་ ༨།༢༠ ཙམ་ལ་མགོན་པོ་གང་ཉིད་མཆོག་དཔལ་ལྡན་འབྲས་སྤུངས་བཀྲ་ཤིས་སྒོ་མང་གྲྭ་ཚང་གི་གཟིམ་ཆུང་ཕོ་བྲང་ནས་ཆོས་ར་གསར་པར་ཆིབས་སྒྱུར་སྐབས་རྒྱལ་སྒོ་ནས་མཁན་ལས་ཟུར་རྣམ་པ་དང་། དབུ་ཆོས་རྣམ་གཉིས། རྒྱལ་སྲས་བླ་སྤྲུལ་རྣམས་ཀྱིས་སྤོས་སྣེས་སྔུན་བསུས་ཏེ་ཆོས་ར་གསར་པའི་ནང་ཞབས་སོར་འཁོད་དེ་སྣང་གསལ་མར་མེ་ཞལ་ཕྱེ་དང་། སྐུ་གསུང་ཐུགས་རྟེན་ལ་རབ་གནས་བྱིན་འབེབས་མཛད་གྲུབ་མཚམས་བཞུགས་ཁྲིར་ཞབས་སོར་འཁོད་བསྟུན་གྲྭ་ཚང་གི་མཁན་རིན་པོ་ཆེ་བློ་བཟང་རྒྱལ་མཚན་མཆོག་གིས་མཎྜལ་རྟེན་གསུམ་འདེགས་འབུལ་དང་། སྦྱིན་བདག་གཙོ་བོ་དང་གནད་ཡོད་མི་སྣ་ཁག་གཅིག་ལ་མཇལ་ཁ་སྩལ།
དེ་ནས་གྲྭ་ཚང་གི་མཁན་རིན་པོ་ཆེ་མཆོག་གིས་ཆོས་ར་གསར་པའི་དབུ་འབྱེད་དང་འབྲེལ་བའི་ལས་བསྡོམས་ལྷ་སྙན་སྒྲོན་འབུལ་ཞུས། དེ་རྗེས་ཨེ་མོ་རི་དང་བོད་ཀྱི་ཚན་རིག་ལས་རིམ་དངོས་གཞི་ལག་བསྟར་རིམ་པ་མཇུག་སྒྲིལ་སྟེ་རྒྱུན་འཁྱོང་རིམ་པར་འཇུག་པའི་མཚམས་སྦྱོར་མཛད་སྒོ་དབུ་འཛུགས་ཀྱིས་ཐོག་མར་འབུམ་རམས་པ་དགེ་བཤེས་བློ་བཟང་བསྟན་འཛིན་ལགས་ཀྱིས་ངོ་སྤྲོད་གསུང་བཤད་དང་། འབུམ་རམས་པ་ཚེ་བརྟན་སྒྲོལ་དཀར་ལགས་ཀྱིས་བྱུང་བ་གལ་ཆེན་ཁག་ངོ་སྤྲོད། འབུམ་རམས་པ་ཨ་རི་ཨཡེ་སན་ལགས་དང་འབུམ་རམས་པ་ཁེ་རོལ་ཝོཐ་མེན་ལགས་རྣམ་གཉིས་ཀྱིས་སྒེར་གྱི་མྱོང་བ་ངོ་སྤྲོད། དགེ་བཤེས་ལྷག་རྡོར་ལགས་ཀྱིས་མཐུན་འགྱུར་གནང་མཁན་གལ་ཆེ་བ་ཁག་ངོ་སྤྲོད་ཞུས།
དེ་ནས་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་བཀའ་སློབ་སྩལ་དོན། དཔལ་ལྡན་འབྲས་དཀར་སྤུངས་པའི་ནང་ཚན་འབྲས་སྤུངས་བཀྲ་ཤིས་སྒོ་མང་གྲྭ་ཚང་གི་ཆོས་ར་གསར་པའི་དབུ་འབྱེད་ཀྱི་རྟེན་འབྲེལ་མཛད་སྒོར་དགེ་འདུན་མང་ཚོགས་སོགས་མང་པོ་ཞིག་འདིར་ཕེབས་ཡོད། དེ་བཞིན་སོག་རིགས་དང་ཕྱི་རྒྱལ་ཡུལ་གྲུ་ཁག་ནས་མང་དག་ཅིག་ཡོད། གཞན་ཡང་འབྲེལ་ཡོད་ཨེ་མོ་རི་ཁོངས་ནས་ལོ་མང་རིང་མཉམ་བཤིབས་བྱས་པའི་མཁས་དབང་དམ་ཚིག་ལྡན་པ་མང་པོ་ཞིག་དེ་རིང་འདིར་ཕེབས་ཡོད། ཁྱེད་རང་ཚོ་ཚང་མར་ཐོག་མ་དེར་འཚམས་འདྲིའི་བཀྲ་ཤིས་བདེ་ལེགས་ཞུ་རྒྱུ་ཡིན།
དེ་སྔ་ཚན་རིག་ཟེར་དུས་ང་ཚོའི་མཁན་པོ་དང་བླ་མ་དེ་ཚོས་ཕྲན་བུ་ཐག་རིང་པོ་བཞག་གནང་བ་དང་། ངོས་ཀྱི་ངོ་ཤེས་པ་ཁ་ཤས་ཀྱིས་ཚན་རིག་ཟེར་ན་ཆོས་ལ་དད་པ་མེད་པ་བཟོ་མཁན་རེད་དེར་གཟབ་གཟབ་བྱེད་དགོས་ཞེས་བརྗོད་མཁན་ཡང་བྱུང་མྱོང་། འོན་ཀྱང་དངོས་ཡོད་གནས་ཚུལ་ནི་བོད་ཀྱི་སངས་རྒྱས་པའི་ཆོས་ནི་ལེགས་སྦྱར་གྱི་ཆོས་བརྒྱུད་སངས་རྒྱས་པའི་ཆོས་གཙོ་བོ་ཆགས་ཡོད། པཱ་ལིའི་ཆོས་བརྒྱུད་ནི་སངས་རྒྱས་ཀྱི་ཆོས་འཁོར་དང་པོ་གསུང་པའི་སྐབས་བསླབ་པ་གསུམ་དང་འབྲེལ་ནས་སྡེ་སྣོད་གསུམ་ཞེས་པཱ་ལིའི་གཞུང་ནང་ཡོད་པ་འདི་སངས་རྒྱས་པའི་ཆོས་ཀྱི་རྨང་གཞི་ཆགས་ཡོད། དེ་ནས་དེའི་ཚེ་དེའི་དུས་རྒྱ་གར་ལ་ཤེས་ཡོན་ཅན་ཚོས་ལེགས་སྦྱར་གྱི་སྐད་ཐོག་ནས་རྒྱ་གར་གྱི་ཤེས་ཡོན་སྐོར་དེ་དག་འཛིན་བཞིན་པ་གཙོ་བོ་ཆགས་ཡོད།
དེ་ནས་བཅོམ་ལྡན་འདས་ཀྱིས་བྱ་རྒོད་ཕུང་པོའི་རིར་འཁོར་ལོ་བར་པ་གསུང་བའི་སྐབས་ཤེས་ཡོན་གཙོ་བོ་བྱས་ནས་ཤེར་ཕྱིན་གྱི་གཞུང་གསུང་པ་དེ་དག་ལེགས་སྦྱར་སྐད་ནང་ཡོད་པ་རེད། དེ་ནས་རིམ་པས་ནཱ་ལེནྜར་ལེགས་སྦྱར་གྱི་ཆོས་བརྒྱུད་གཙོ་བོ་བྱས་ནས་དར་བ་རེད། དེའི་ཚེ་དེའི་དུས་རྒྱ་གར་གྱི་ཤེས་ཡོན་ཆ་ཚང་ཡོད་པ་ལྟ་བུ་འདུག དེའི་ཚེ་དེའི་དུས་ཚན་རིག་དར་མེད། གལ་ཏེ་དེང་དུས་ཀྱི་ཚན་རིག་སྐབས་དེར་ཡོད་ན། ནཱ་ལེནྜའི་མཁས་པ་ཚོས་ངེས་པར་སློབ་སྦྱོང་བྱེད་ཀྱི་རེད། དེར་བརྟེན་དུས་ཚོད་འདི་ལྟར་ཕྱིན་པའི་སྐབས་འཛམ་གླིང་ནུབ་ཕྱོགས་ནས་དངོས་ཁམས་རིག་པ་གཙོ་བོར་གྱུར་པའི་ཚན་རིག་གི་རིག་ལམ་རིམ་པས་ཐོན་ཡོད།
ཕྱི་དངོས་པོ་དང་འབྲེལ་བའི་ཚན་རིག་གི་རིག་གནས་འདི་ཧ་ཅང་གལ་ཆེན་པོ་རེད་འདུག གང་ལྟར་མཐོང་བ་མངོན་གྱུར། ཅུང་ཟད་ལྐོག་གྱུར། ཤིན་ཏུ་ལྐོག་གྱུར་བཅས་བཤད་བཞིན་པའི་མཐོང་བ་མངོན་གྱུར་ནི་ཚན་རིག་པས་བརྟག་དཔྱད་བྱེད་ས་གཙོ་བོ་ནི་མཐོང་བ་མངོན་གྱུར་དང་། ཅུང་ཟད་ལྐོག་གྱུར་དེ་དག་ནི་རྗེས་དཔག་ལོང་བ་བརྒྱུད་པ་བརྗོད་པ་རེད། མཐར་མངོན་གྱུར་ལ་ཡར་གཏུག་དགོས་ཀྱི་ཡོད། དེར་བརྟེན་ཚད་མའི་གཞུང་སྦྱོང་བཞིན་པའི་མི་ཞིག་གིས་མཐོང་བ་མངོན་གྱུར་སྐོར་སྔོན་ལ་ཤེས་དགོས། མཐོང་བ་མངོན་གྱུར་སྐོར་ཤེས་པར་ཚན་རིག་པ་དང་ལྷན་བསྡེབས་ནས་ཕྱིན་པ་ཡིན་ན། མཐོང་བ་མངོན་གྱུར་གྱི་གནས་ཚུལ་ཞིབ་ཚགས་པོ་ཤེས་རྒྱུར་ཏན་ཏན་ཕན་ཐོགས་ཡོད་པ་རེད། གཉིས་ནས་དེང་དུས་ཚན་རིག་སྐོར་དེ་དག་ཕྱི་དངོས་ཁམས་ལ་གཙོ་བོར་བསྟེན་ཡོད། དངོས་པོ་ཡར་རྒྱས་ཁོ་ནར་དམིགས་པ་ཆགས་སྟབས། ཁོས་སེམས་ལ་ཞི་བདེ་བཟོ་ཐུབ་ཀྱི་མི་འདུག དེར་བརྟེན་ཚན་རིག་གི་སྡེ་ཚན་ནང་རིམ་པས་ཚན་རིག་གི་ཉམས་ཞིབ་བྱེད་སའི་སྡེ་ཚན་འདི་གཟུགས་ཅན་གྱི་ཆོས་ཁོ་ན་མིན་པ་ནང་ཤེས་པར་ཉམས་ཞིབ་བམ་ཞིབ་འཇུག་བྱེད་ཐུབ་ན་ཡག་པོ་འདུག ཅེས་དེ་ལྟ་བུའི་སྐད་ཆ་ཡོང་གི་ཡོད།
གང་ལྟར་ཚན་རིག་པས་དངོས་ཁམས་རིག་པ་གཙོ་བོར་བཤད་པ་དེ་དང་། ང་ཚོ་སངས་རྒྱས་པའི་གཞུང་ནང་ནས་སེམས་ཁམས་རིག་པ་གཙོ་བོ་བྱས་ནས་གསུང་པ་དེ་གཉིས་ཕན་ཚུན་བསྡེབ་ནས་འགྲོ་ཐུབ་ན། ཚན་རིག་ཐོག་ལ་ཡིན་ནའང་ཕན་པ། ད་བར་ཚན་རིག་པས་ཞིབ་འཇུག་བྱེད་ས་ནི་དངོས་ཁམས་གཙོ་བོ་ཆགས་ཡོད། དཔེར་ན། ཚད་རྡུལ་དངོས་ཁམས་རིག་པ་ quantum physics སྐོར་བཤད་ཡོང་སྐབས་ཧ་ལས་པ་རེད། དབུ་སེམས་ཀྱི་གཞུང་ནས་སྣང་བ་ལྟར་གྲུབ་མེད་ཅེས་པ་འདི་ཚད་རྡུལ་དངོས་ཁམས་རིག་པའི་ཐོག་ནས་ཏག་ཏག་བཤད་ཡོང་གི་འདུག
ངོས་ཀྱི་ངོ་ཤེས་པ་རྒྱ་གར་དངོས་ཁམས་རིག་པའི་ཚན་རིག་པ་སྐུ་ཞབས་རཱ་ཇ་ར་མན་ན་ Raja Ramana ལགས་ཀྱིས་ཚད་རྡུལ་དངོས་ཁམས་རིག་པའི་རྣམ་གཞག་འདི་འཛམ་གླིང་ནུབ་ཕྱོགས་ལ་རིག་གནས་གསར་པ་ཆགས་ཡོད། རྒྱ་གར་ནང་ལོ་ངོ་ཉིས་སྟོང་ལྔ་བརྒྱ་གོང་ནས་ལྟ་གྲུབ་འདི་བྱུང་ཟིན་པ་རེད། ཅེས་ཕལ་ཆེར་ལོ་ཉི་ཤུ་གོང་ལ་བརྗོད་བྱུང་། ང་ཚོ་ཟུང་དུ་སྦྲེལ་ནས་དེང་དུས་ཚན་རིག་ཤེས་ཡོན་གྱི་སྡེ་ཚན་ནང་སེམས་ཁམས་རིག་པ་སྣོན་ཐུབ་པར་སྔོན་ལ་སེམས་ཁམས་རིག་པའི་སྐོར་སློབ་སྦྱོང་ཡོད་པ་ཙམ་དུ་མ་ཟད། ཉམས་མྱོང་གང་ཙམ་ཡོད་པ་ཚོས་ཚན་རིག་གི་གནས་སྟངས་ཡག་པོ་ཤེས་དགོས། དཔེར་ན། ཚད་མ་རྣམ་འགྲེལ་ལ་སོགས་པ་དེ་ཚོའི་ནང་མུ་སྟེགས་པའི་འདོད་པ་དེ་ཚོ་ཆ་ཚང་བཀོད་ཡོང་གི་འདུག སྤྱི་ཡོངས་ཀྱི་ཤེས་ཡོན་ཆ་ཚང་བ་ཞིག་ཡོང་བར་དེའི་ཚེ་དེའི་དུས་རྒྱ་གར་ནང་ཡོད་པའི་ལྟ་གྲུབ་འདྲ་མིན་དེ་དག་ཚང་མར་སློབ་སྦྱོང་བྱེད་ཀྱི་ཡོད་པ་རེད། དེང་སྐབས་ང་ཚོ་དུས་རབས་ཉི་ཤུ་རྩ་གཅིག་ནང་སླེབ་ཡོད། ཚན་རིག་ཡར་རྒྱས་ཆེན་པོ་ཕྱིན་ཡོད་པ་འདི་ང་ཚོས་སློབ་སྦྱོང་བྱེད་རྒྱུ་བྱུང་ནས་དེ་གཉིས་ཟུང་དུ་སྦྲེལ་ཐུབ་ན་གཉིས་ཕན་རེད་འདུག ཚན་རིག་པ་ཚོ་ལའང་སེམས་ཁམས་རིག་པའི་སྐོར་གཙོ་བོ་བཤད་ཡོང་དུས་ཕན་ཐོགས་ཧ་ཅང་ཡོང་བ་དང་། ང་ཚོར་ཡིན་ནའང་ཤེས་ཡོན་གྱི་སྡེ་ཚན་ཆ་ཚང་བ་ཞིག་ཡོང་བཞིན་ཡོད། ཅེས་སོགས་ཀྱི་བཀའ་སློབ་སྩལ་རྗེས་དཔལ་ནཱ་ལེནྜའི་པཎ་ཆེན་བཅུ་བདུན་གྱི་གསོལ་འདེབས་དང་། ལྕང་སྐྱ་རོལ་བའི་རྡོ་རྗེའི་ལྟ་བའི་གསུང་མགུར་ཟབ་མོ་བཅས་ཀྱི་ཆོས་འབྲེལ་སྩལ། །