ཕྱི་ལོ་ ༢༠༡༩ ཟླ་ ༡༢ ཚེས་ ༡༢ རེས་གཟའ་ཕུར་བུ།
༄༅། །འདི་གའི་ཆེད་གཉེར་གསར་འགོད་པ་ཡེ་ཤེས་ཀུན་གྲགས་ལགས་ཀྱིས་ས་གནས་ནས་བཏང་གནས་ནང་འཁོད་དོན། བོད་མིའི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་རྒྱ་གར་ལྷོ་ཕྱོགས་གྷོ་བ་ནང་གི་མཛད་འཕྲིན་ཁག་ཡོངས་སུ་ལེགས་གྲུབ་རྗེས་ཕྱི་ལོ་ ༢༠༡༩ ཟླ་ ༡༢ ཚེས་ ༡༢ ཉིན་རྒྱ་གར་ལྷོ་ཕྱོགས་མོན་གྷོ་འདོད་རྒུ་གླིང་བོད་མིའི་གཞིས་ཆགས་སུ་རྟེན་གཞི་བྱས་པའི་དཔལ་ལྡན་འབྲས་སྤུངས་བླ་སྤྱིར་༸ཞབས་སོར་བདེ་བར་འཁོད་ཡོད།
དེ་ཡང་གོང་ཚེས་ཉིན་གྱི་སྔ་དྲོ་ཆུ་ཚོད་ ༡༡།༡༥ ཙམ་ལ་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་མོན་གྷོ་འདོད་རྒུ་གླིང་བོད་མིའི་གཞིས་ཆགས་སུ་ཆིབས་སྒྱུར་སྐྱོང་སྐབས་ཕེབས་ལམ་གཡས་གཡོན་དུ་དགེ་འདུན་པ་དང་། སྤྱི་མི་བརྒྱ་དཔོན་གྱིས་གཙོས་གཞིས་གྲོང་སོ་སོའི་གཞིས་མི་དང་ཆོས་ཞུ་བ་མི་མང་། དེ་བཞིན་སློབ་ཕྲུག་སོགས་ནས་གཟབ་མཆོར་ལེགས་པར་སྤྲས་ཏེ་ལག་ཏུ་དཀར་གཙང་མཇལ་དར་སོགས་ཐོགས་ཏེ་གྲལ་བསྟར་གྱིས་གུས་བསུའི་ཞལ་མཇལ་ཞུས་པ་དང་།
དེ་ནས་འབྲས་སྤུངས་བླ་སྤྱིའི་འདུ་ཁང་གི་སྒོ་འཕྱོར་འགྲམ་དུ་༸ཞབས་སོར་འཁོད་སྐབས་དགའ་ལྡན་ཁྲི་ཟུར་རི་རྫོང་རིན་པོ་ཆེ་མཆོག་དང་། འཇམ་མགོན་རྒྱལ་བའི་རྒྱལ་ཚབ་དགའ་ཁྲི་ཆེན་རྡོ་རྗེ་འཆང་ཆེན་པོ་མཆོག མཚུངས་མེད་ཤར་བྱང་གི་ཆོས་རྗེ་རྣམ་པ་གཉིས་མཆོག ཡོངས་འཛིན་གླིང་རིན་པོ་ཆེ་མཆོག ཀུན་བདེ་གླིང་རིན་པོ་ཆེ། འབྲས་སྤུངས་ཁྲི་པ་མཆོག་གིས་གཙོས་མཁན་ལས་ཟུར་དང་དགེ་བཤེས།རྣམ་གྲྭ་མཁན་པོ་ཁྲོམ་ཐོག་རིན་པོ་ཆེ་མཆོག ཕྱོགས་བཞུགས་སྤྱི་འཐུས་ཁག་གཅིག ལྷོ་སྤྱི་གཙོས་པའི་རྒྱ་གར་ལྷོ་ཕྱོགས་ཁུལ་གྱི་ས་གནས་འགོ་འཛིན་རྣམ་པ། ས་གནས་ཀྱི་གཞུང་དང་གཞུང་འབྲེལ་མིན་པའི་ཚོགས་སྡེ་ཁག་གི་འགན་འཛིན་སོགས་ནས་ཕེབས་བསུའི་སྣེ་ལེན་གཟབ་རྒྱས་ཞུས།
དེ་ནས་བླ་སྤྱིའི་ཚོགས་ཆེན་ནང་༸ཞབས་སོར་འཁོད་མཚམས་ཐོག་མར་གནས་གཟིགས་མཛད་རྗེས་འབྲས་སྤུངས་ཁྲི་པ་མཆོག་གིས་མཎྜལ་རྟེན་གསུམ་འདེགས་འབུལ་ཞུས་གྲུབ་མཚམས་མགོན་པོ་གང་ཉིད་མཆོག་གིས་བཀའ་སློབ་སྩལ་དོན། དཔལ་ལྡན་འབྲས་དཀར་སྤུངས་པའི་མཁན་བླ་དང་དགེ་འདུན་པ་བཅས་མཇལ་རྒྱུ་བྱུང་བ་རེད། གཙོ་ཆེ་ཤོས་དགའ་ལྡན་ཁྲི་ཟུར་རིན་པོ་ཆེ་མཆོག་དང་། དགའ་ལྡན་ཁྲི་པ་ལས་ཐོག ཤར་བྱང་གི་ཆོས་རྗེ་རྣམ་པ་གཉིས་བཅས་དེ་རིང་འདིར་འཁྱུག་ཙམ་ལྷན་འཛོམས་པ་རེད། ངོས་རང་ད་རེས་གཙོ་བོ་གྷོ་བ་མཐོ་སློབ་དང་འབྲས་སྤུངས་བློ་གསལ་གླིང་གི་མཁན་པོ་ལས་ཐོག་དབར་ཕན་ཚུན་འབྲེལ་བ་བྱུང་ཡོད། གྷོ་བ་མཐོ་སློབ་དང་འབྲས་སྤུངས་བློ་གསལ་གླིང་དབར་འབྲེལ་བ་ཆགས་པ་འདི་ཧ་ཅང་གནད་འགག་འདུག དེང་སྐབས་ངོས་ཀྱིས་ཤུགས་རྒྱག་རྒྱུ་གཅིག་ནི། རྒྱ་གར་གནའ་རབས་ཀྱི་རིག་གཞུང་འཚེ་བ་མེད་པ་དང་བྱམས་བརྩེ། དེ་བཞིན་ཞི་གནས་དང་ལྷག་མཐོང་ཟེར་རྒྱུ་འདི་ལོ་ངོ་ ༣༠༠༠ ཙམ་གྱི་གོང་ནས་ཡོད་པ་རེད། དེ་ལྟ་བུའི་རྒྱ་གར་གནའ་རབས་ཀྱི་ཤེས་ཡོན་འདི་སྐྱར་གསོ་བྱ་རྒྱུ་ཧ་ཅང་གལ་ཆེན་པོ་འདུག འཚེ་བ་མེད་པ་དང་བྱམས་བརྩེ་ཟེར་རྒྱུ་འདི་འཛམ་གླིང་སྤྱི་ལ་དགོས་རྒྱུ་ཞིག་ཆགས་ཡོད། དེར་བརྟེན་བར་སྐབས་ནས་ངོས་ཀྱིས་ཤུགས་རྒྱག་རྒྱུ་གཅིག་ནི། རྒྱ་གར་གནའ་རབས་ཀྱི་རིག་གཞུང་འདི་རྒྱ་གར་ནང་བསྐྱར་གསོ་བྱེད་ཐུབ་པ་ཞིག་བྱུང་བ་ཡིན་ན། རྒྱ་གར་ཙམ་རེད་མ་གཏོགས་ལུང་པ་གཞན་ལ་དེ་ལྟ་བུའི་གོ་སྐབས་མེད། དེང་རབས་ཀྱི་ཤེས་ཡོན་དང་རྒྱ་གར་གནའ་རབས་ཀྱི་ཤེས་ཡོན་ཟུང་དུ་སྦྲེལ་རྒྱུ་ཞིག་དང་། དེང་རབས་ཀྱི་ཤེས་ཡོན་ཐོག་ནས་དངོས་པོ་ཡར་རྒྱས་འགྲོ་རྒྱུ་དང་། ཚན་རིག་སོགས་མང་པོ་ཞིག་གི་ཐོག་ལ་ཕན་ཐོགས་ཧ་ཅང་ཡོད། འདི་དངོས་པོ་ཁོ་ནར་དམིགས་སྟབས་ནང་སེམས་རྒྱུད་དང་འབྲེལ་ནས་སེམས་རྒྱུད་ཞེ་བདེ་བསྒྲུབ་རྒྱུའི་དམིགས་བསལ་ཆ་རྐྱེན་མེད་པ་རེད། དེར་བརྟེན་རྒྱ་གར་གནའ་རབས་ནས་ཡོད་པའི་སེམས་ཁམས་རིག་པ་དང་འབྲེལ་བའི་ཤེས་ཡོན་ཡོད་པ་འདི་རྒྱ་གར་ནང་བསྐྱར་གསོ་བྱེད་ཐུབ་ན། རྒྱ་གར་གནའ་རབས་སེམས་ཁམས་རིག་པ་དང་འབྲེལ་བའི་ཤེས་ཡོན་དང། དེང་དུས་རིག་གསར་གྱི་ཤེས་ཡོན་གཉིས་ཟུང་དུ་སྦྲེལ་ནས་སློབ་སྦྱོང་བྱེད་ཐུབ་པ་ཞིག་རྒྱ་གར་ནང་ཆ་རྐྱེན་འདི་ཡོད་པ་རེད། དེར་བརྟེན་ངོས་ཀྱིས་འདི་ལ་འབད་བརྩོན་བྱེད་བཞིན་ཡོད། རྒྱ་གར་གནའ་རབས་ཀྱི་ཤེས་ཡོན་ཚིག་ཙམ་མིན་པར་བཤད་སྒྲུབ་ཟུང་སྦྲེལ་གྱི་ཐོག་ནས་ལོ་ངོ་སྟོང་ཕྲག་ལྷག་གི་རིང་བདག་པོ་རྒྱག་མཁན་བོད་པ་ཆགས་ཡོད། འདིར་གདན་ས་ཁག་དང་འབྲེལ་བ་ཆགས་ཡོང་དུས་ངོས་ཀྱིས་ཧ་ཅང་ཡག་པོ་མཐོང་བྱུང་།
འདི་ཆོས་བསླབ་རྒྱུའི་སྐད་ཆ་མ་རེད། ནང་པའི་གཞུང་ནས་གསུང་པའི་སེམས་ཁམས་རིག་པ་དང་། ཚད་མ་རིག་པ། རྟེན་འབྱུང་གི་ལྟ་གྲུབ་བཅས་དེ་ཚོའི་གྲས་ཤེས་ཡོན་གྱི་སྡེ་ཚན་ནང་བཞག་ནས་སློབ་སྦྱོང་བྱེད་ཐུབ་པ་ཞིག་རེད། གྷོ་བ་མཐོ་སློབ་ནས་དེར་དམིགས་བསལ་དོ་སྣང་བྱས་ནས་བློ་གསལ་གླིང་གི་མཁན་པོ་ལས་ཐོག་དང་ཁྱེད་རང་ཚོ་འབྲེལ་བ་འདི་ཡོད་པ་རེད་འདུག མུ་མཐུད་ཡར་རྒྱས་དང་རྒྱ་ཆེ་རུ་གཏོང་དགོས་རྒྱུ་ཧ་ཅང་ཡག་པོ་མཐོང་བྱུང་། གྷོ་བ་མཐོ་སློབ་ཏུ་མི་ཐུག་འཕྲད་སོགས་ཀྱི་སླད་ཕྱིན་པ་རེད། འདི་དང་སྟབས་གཅིག་དོན་གཉིས་བྱས་ནས་མོན་གྷོ་འབྲས་སྤུངས་ཆོས་སྒར་དུ་བཅར། དེ་ནས་དགའ་ལྡན་ལྔ་མཆོད་ཉིན་ཏེ་རྗེ་རིན་པོ་ཆེ་དགོངས་པ་རྫོགས་ནས་ལོ་ ༦༠༠ འཁོར་བའི་དུས་སྟོན་དམིགས་བསལ་ཞིག་དགའ་ལྡན་ལ་འཚོགས་རྒྱུ་ཡིན་པ་དེར་བཅར་རྒྱུ་རེད། དེར་བརྟེན་སྔོན་ལ་འདིར་འབྲས་སྤུངས་སུ་ཡོང་། དེ་ནས་དགའ་ལྡན་ལྔ་མཆོད་སྐབས་དགའ་ལྡན་དུ་འགྲོ་རྒྱུའི་འཆར་གཞི་འདི་ལྟར་རེད།
སྐབས་འདིར་སེ་ར་ཆོས་སྒར་དུ་འགྲོ་རྒྱུའི་དུས་ཚོད་མི་འདུག་པ་མ་ཟད། མང་པོ་ཞིག་ཆགས་ཡོང་གི་འདུག ཕལ་ཆེར་ཕྱི་ཟླ་ ༣ ནང་ངོས་རང་སྦེང་ལོར་དུ་འགྲོ་རྒྱུ་ཞིག་ཆགས་ཡོད། དེ་དུས་སེ་ར་བྱེས་སྨད་གཉིས་དང་བཀྲ་ཤིས་ལྷུན་པོ། རྣམ་གྲོལ་གླིང་བཅས་སུ་ཕྱི་ཟླ་ ༣ ནང་འགྲོ་དགོས་དྲན་པ་རེད།
མདོ་དོན་ཡང་སྙིང་འཛམ་གླིང་འདིའི་སྟེང་སངས་རྒྱས་པའི་ཆོས་ལ་དོ་སྣང་བྱེད་མཁན་མང་དུ་འགྲོ་བཞིན་ཡོད། ཆོས་ཞེས་པ་སྨོན་ལམ་བརྒྱབ་པ་དང་སྔགས་བགྲང་རྒྱུའི་སྐད་ཆ་མ་རེད། ནང་པ་སངས་རྒྱས་པའི་གཞུང་ནས་གསུང་པའི་ལྟ་གྲུབ་དང་སེམས་ཁམས་རིག་པ་དེ་ཚོའི་ཐོག་ལ་མཁས་དབང་མང་པོས་དོ་སྣང་བྱེད་བཞིན་པ་དང་། ཚན་རིག་པའི་ནང་ནས་ཀྱང་དོ་སྣང་བྱེད་མཁན་ཡོང་བཞིན་པ་དེ་ལྟར་རེད། དེར་བརྟེན་དེང་དུས་རིག་གསར་གྱི་ཤེས་ཡོན་ཡར་རྒྱས་ཆེན་པོ་ཡོད་པའི་དུས་སྐབས་འདིར་ནང་པ་སངས་རྒྱས་པའི་ལྟ་གྲུབ་སེམས་ཁམས་རིག་པ་དང་ཚད་མ་རིག་པ་དེ་དག་ལུང་ཙམ་ལ་བསྟེན་པ་མིན་པར་རིགས་པའི་ལམ་ནས་ངོ་སྤྲོད་བྱེད་རྒྱུ་ཞིག་ཡིན་སྟབས། འདི་ཧ་ཅང་གལ་ཆེན་པོ་རེད་འདུག
འཛམ་གླིང་འདིའི་ནང་ནང་པའི་ཡུལ་གྲུ་མང་པོ་ཡོད་པ་མ་ཟད། ནང་པ་དུང་ཕྱུར་ཁ་ཤས་ཡོད་པའི་ནང་ནས་ལེགས་སྦྱར་གྱི་གཞུང་ནང་ཡོད་པའི་རིག་གནས་དེ་དག་ང་ཚོ་བོད་པ་གཅིག་པུ་རེད་འདུག སྔ་མོ་ཡིན་ན་རྒྱ་ནག་དང་སོག་པོའི་ཡུལ་ཁག་དེ་དག་ཡོད་པ་རེད། སྐབས་རེ་ཝེ་ཏི་ནམ་དང་ཉི་ཧོང་ལེགས་སྦྱར་གྱི་ཆོས་བརྒྱུད་འཛིན་མཁན་རེད་དེ་ཚད་མ་རིག་པ་གཙོ་འདོན་བྱས་ནས་ལོ་མང་རིང་རིགས་ལམ་གྱི་ཐོག་ནས་གཞི་ལམ་འབྲས་གསུམ་གྱི་རྣམ་གཞག་གཏན་ལ་ཕབ་པ་བོད་པ་གཅིག་པུ་མ་གཏོགས་མི་འདུག
རྒྱ་ནག་ལ་ད་ཆ་ཕལ་ཆེར་སློབ་དཔོན་ཕྱོགས་གླང་དང་ཆོས་གྲགས་ཀྱིས་མཛད་པའི་ཚད་མའི་གཞུང་དེ་དག་རྒྱ་ཡིག་ནང་བསྒྱུར་མེད། ང་ཚོ་བོད་ཡིག་ནང་བསྒྱུར་བ་ཙམ་མ་ཟད། ས་སྐྱ་པཎ་ཆེན་ཀུན་དགའ་རྒྱལ་མཚན་གྱིས་ཚད་མ་རིག་གཏེར་མཛད། དེ་ནས་རིམ་པས་ཕྱྭ་པ་ཆོས་སེང་ཡབ་སྲས་ཀྱིས་ཚད་མའི་གཞུང་ལ་དམིགས་བསལ་ཐུགས་སྣང་གནང་ཡོད།
སངས་རྒྱས་པའི་གཞུང་འདི་སྨོན་ལམ་བརྒྱབ་པ་སོགས་དད་པ་ཙམ་མིན་པར་རིགས་པའི་ལམ་ནས་གཏན་ལ་དབབ་རྒྱུ་ཡོད་པ་ཞིག་ཆགས་ཡོད་སྟབས། འདི་དཔལ་ནཱ་ལེནྡྲ་ནས་བརྒྱུད་པའི་པཎ་སྒྲུབ་བཅུ་བདུན་ཞེས་ངོས་ཀྱིས་ནམ་རྒྱུན་བཤད་བཞིན་པ་དེ་རེད། པཎ་སྒྲུབ་བཅུ་བདུན་གྱི་གཞུང་རྩ་བ་བློ་ན་འཛིན། རྒྱ་འགྲེལ་དང་བོད་འགྲེལ་གྱི་འགྲེལ་བའི་ཐོག་ནས་བཤད་པ་བརྒྱབ། དེ་ནས་རྩ་འགྲེལ་བགྲངས་པའི་ཐོག་ནས་སློབ་སྦྱོང་བྱས་པ་འདི་ཆོས་རའི་ནང་རྩོད་པ་རྩོད་ནས་གཏན་ལ་དབབ་རྒྱུ་ཞིག་ཡོད་པ་འདི་རྩ་ཆེན་པོ་རེད་འདུག འདི་ང་ཚོ་བོདལ་མ་གཏོགས་གཞན་མི་འདུག དེ་སྔ་སོག་པོར་ཧ་ཅང་ཡག་པོ་ཡོད། ད་ཆ་ཉམས་ཟིན་འདུག དེང་སྐབས་ཀྱི་དུས་ཚོད་འདིར་སངས་རྒྱས་པའི་བསྟན་པ་རིགས་པའི་ལམ་ནས་གཏན་ལ་དབབ་རྒྱུའི་འགྲོ་སྟངས་འདི་ཧ་ཅང་གི་གལ་ཆེན་པོ་ཆགས་འདུག དེ་ལྟ་བུ་ཤེས་སྒྲུབ་ཟུང་སྦྲེལ་གྱི་ཐོག་ནས་རྒྱུན་འཛིན་བྱེད་མཁན་བོད་པ་གཅིག་བུ་རེད། ཅེས་སོགས་ཀྱི་བཀའ་སློབ་སྩལ་རྗེས་འབྲས་སྤུངས་སྒོ་མང་གྲྭ་ཚང་གི་གཟིམ་ཆུང་དུ་གདན་འདྲེན་ཞུ་ཡོད་པ་བཅས། །