ཕྱི་ལོ་ ༢༠༡༩ ཟླ་ ༡༢ ཚེས་ ༡༠ རེས་གཟའ་མིག་དམར།
༄༅། །བོད་རྒྱལ་ལོ་ ༢༡༤༦ ཕྱི་ལོ་ ༢༠༡༩ ཟླ་ ༡༢ ཚེས་ ༡༠ ཉིན་བོད་ཀྱི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༸གོང་ས་༸སྐྱབས་མགོན་༸རྒྱལ་མཆོག་སྐུ་ཕྲེང་བཅུ་བཞི་པ་ཆེན་པོ་མཆོག་ལ་འཛམ་གླིང་ནང་ཆེས་སྙན་གྲགས་ཅན་གྱི་ནོ་སྦེལ་ཞི་བདེའི་གཟེངས་རྟགས་འབུལ་ལམ་ཞུས་ནས་ལོ་ངོ་ ༣༠ འཁོར་བའི་དུས་དྲན་གྱི་མཛད་སྒོ་བཞུགས་སྒར་རྡ་ས་ཐེག་ཆེན་ཆོས་གླིང་གཙུག་ལག་ཁང་གི་གསུང་ཆོས་ར་བའི་ནང་སྲུང་བརྩི་གཟབ་རྒྱས་ངང་ཞུས་ཡོད།
དེ་ཡང་སྔ་དྲོ་ཆུ་ཚོད་ ༡༠ ཐོག་སྐུ་མགྲོན་གཙོ་བོ་ལ་དྭགས་རང་སྐྱོང་རི་ལྗོངས་ཡར་རྒྱས་ལྷན་ཚོགས་ཀྱི་སྡེ་དཔོན་སྐུ་ཞབས་རྒྱལ་པི་དབང་རྒྱལ་མཆོག་དང་། བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་བློ་བཟང་སེངྒེ་མཆོག་གིས་དབུས་མཛད་གཙོ་རྣམ་པ། རང་དབང་ཅན་གྱི་སྡེ་ཚན་ཁག་གི་འགན་འཛིན་རྣམ་པ། བོད་མི་མང་སྤྱི་འཐུས་རྣམ་པ། དྲུང་ཆེ་རྣམ་པ། སྲི་ཞུའི་ལས་བྱེད་རྣམ་པ། གཞུང་དང་གཞུང་འབྲེལ་མིན་པའི་ཚོགས་སྐྱིད་ཁག་གི་སྐུ་ཚབ་རྣམ་པ།
ཕྱི་ནང་གི་གསར་འགོད་པ། དེ་བཞིན་གཉུག་མར་གནས་པ་དང་གློ་བུར་དུ་ལྷགས་པའི་བོད་མི་སེར་སྐྱ་རྒན་དར་གཞོན་གསུམ་སོགས་ཁྱོན་མི་གྲངས་བརྒྱ་ཕྲག་བརྒལ་བ་འདུ་འཛོམས་ཀྱིས་ཐོག་མར། བོད་ཀྱི་ཟློས་གར་ཚོགས་པས་རྔ་རོལ་དང་བཅས་འཕགས་བོད་གཉིས་ཀྱི་རྒྱལ་གླུ་འབུལ་བཞིན་པར་དཔལ་ལྡན་སྲིད་སྐྱོང་བློ་བཟང་སེངྒེ་མཆོག་གིས་བོད་ཀྱི་རྒྱལ་དར་མཁའ་དབྱིངས་སུ་སྒྲེང་འཛུགས་གནང་།
དེ་ནས་བོད་ཀྱི་ཟློས་གར་ཚོགས་པས་ནོ་སྦེལ་ཞི་བདེའི་གཟེངས་རྟགས་ཀྱི་བསྟོད་དབྱངས་མཉམ་གཞས་ཕུལ་གྲུབ་མཚམས་འཕྲོད་བསྟེན་ལས་ཁུངས་ནས་བོད་མིའི་སྤྱི་ཚོགས་ནང་འཕྲོད་བསྟེན་དང་འབྲེལ་བའི་སྲི་ཞུ་གནང་མཁན་ཞབས་ལོ་ ༢༥ ལོན་པའི་ལས་བྱེད་རྣམས་ལ་བོད་མི་མང་སྤྱི་འཐུས་ཚོགས་གཙོ་མཆོག་གིས་གཟེངས་བསྟོད་ལེགས་སྐྱེས་གནང་།
དེ་ནས་དཔལ་ལྡན་བོད་མི་མང་སྤྱི་འཐུས་ཚོགས་གཙོ་པདྨ་འབྱུང་གནས་མཆོག་གིས་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་གསུང་བཤད་གནང་བ་དང་བསྟུན། གངས་སྐྱིད་དཔེ་སྟོན་སློབ་གྲྭའི་དགེ་རྒན་རྣམས་ནས་འཁྲབ་གཞས་སྐལ་བཟང་ལགས་ཞེས་པ་གཟིགས་འབུལ་ཞུས་པ་དང་འབྲེལ།
བོད་མིའི་སྒྲིག་འཛུགས་ལས་བྱེད་འདེམས་བསྐོ་ལྷན་ཁང་ནས་སྲི་ཞུ་བ་ལུགས་མཐུན་བགྲེས་ཡོལ་དང་། བགྲེས་ཡོལ་སྔ་བསྣུར་ཕེབས་མཁན་སྲི་ཞུའི་ལས་བྱེད་ལ་ལེགས་སོའི་ཕྱག་འཁྱེར་དང་བོད་རྗེ་སྲོང་བཙན་སྒམ་པོའི་སྐུ་བརྙན་བྱིན་ཅན་འབུལ་སྲོལ་ཡོད་པ་ལྟར།
འདི་ལོའི་བགྲེས་ཡོལ་སྔ་བསྣུར་བ་ཀརྨ་དར་རྒྱས་ལགས་སུ་དཔལ་ལྡན་སྲིད་སྐྱོང་མཆོག་ནས་ཕྱག་འཁྱེར་གནང་རྗེས། རྡ་ཤོད་བོད་ཁྱིམ་སློབ་གྲྭ་ནས་འཁྲབ་གཞས་སྐྱེ་རེངས་པོ་ཞེས་པ་གཟིགས་འབུལ་ཞུས་མཚམས།
ཧིན་བོད་མཛའ་འབྲེལ་ཚོགས་པའི་ཚོགས་གཙོ་སྐུ་ཞབས་ཨ་ཇེ་སིངྒ་ Ajai Singh མཆོག་ནས་གསུང་བཤད་གནང་།
དེ་རྗེས་སྐུ་མགྲོན་གཙོ་བོ་ལ་དྭགས་རང་སྐྱོང་རི་ལྗོངས་ཡར་རྒྱས་ལྷན་ཚོགས་ཀྱི་སྡེ་དཔོན་སྐུ་ཞབས་རྒྱལ་པི་དབང་རྒྱལ་མཆོག་ནས་དཔལ་ལྡན་སྲིད་སྐྱོང་མཆོག་ལ་མཛའ་བརྩེའི་ཕྱག་རྟགས་ཕུལ། ཡོངས་གླིང་སློབ་གྲྭ་ནས་བཀྲ་ཤིས་ཞབས་བྲོ་ཞེས་པའི་འཁྲབ་གཞས་ཤིག་གཟིགས་འབུལ་ཞུས།
དེ་རྗེས་དཔལ་ལྡན་སྲིད་སྐྱོང་མཆོག་ནས་བཀའ་ཤག་གི་གསུང་བཤད་གནང་གྲུབ་མཚམས། རྡ་སྟེང་བོད་ཁྱིམ་སློབ་གྲྭ་ནས་ལྷོ་ཁའི་སྤྲེལ་མགོ་བྲོ་བརྡུང་ཞེས་པའི་འཁྲབ་གཞས་གཟིགས་འབུལ་ཞུས།
མཛད་སྒོའི་སྐུ་མགྲོན་གཙོ་བོ་ལ་དྭགས་རང་སྐྱོང་རི་ལྗོངས་ཡར་རྒྱས་ལྷན་ཚོགས་ཀྱི་སྡེ་དཔོན་སྐུ་ཞབས་རྒྱལ་པི་དབང་རྒྱལ་མཆོག་ནས་གསུང་བཤད་གནང་། མཐར་བོད་ཀྱི་ཟློས་གར་ཚོགས་པ་ནས་མངའ་རིས་ཀྱི་རྨ་བྱའི་འཁྲབ་གཞས་གཟིགས་འབུལ་ཞུས་པ་དང་འབྲེལ་མཛད་སྒོ་རྒྱལ་ཁའི་ངང་གྲོལ་ཡོད་པ་བཅས། ། པར་པ། བསྟན་འཛིན་དཔལ་འབྱོར་ལགས། ཚོགས་དྲུང་ལས་ཁུངས།