ཕྱི་ལོ་ ༢༠༡༩ ཟླ་ ༡༢ ཚེས་ ༡༠ རེས་གཟའ་མིག་དམར།
༄༅། །དེ་རིང་ཁམས་གསུམ་ཆོས་ཀྱི་རྒྱལ་པོ། ༸རྒྱལ་བསྟན་ཡོངས་རྫོགས་ཀྱི་མངའ་བདག འཇིག་རྟེན་ཞི་བདེའི་དེད་དཔོན། བོད་མི་ཡོངས་ཀྱི་མགོན་སྐྱབས་དང་། བླ་ན་མེད་པའི་དབུ་འཁྲིད་སྤྱི་ནོར་༸གོང་ས་༸སྐྱབས་མགོན་༸རྒྱལ་དབང་སྐུ་ཕྲེང་བཅུ་བཞི་པ་ཆེན་པོ་མཆོག་ལ་འཛམ་གླིང་ནང་ཆེས་སྙན་གྲགས་ཆེ་བའི་ནོ་སྦེལ་ཞི་བདེའི་གཟེངས་རྟགས་ཕུལ་ནས་མི་ལོ་སུམ་ཅུ་འཁོར་བའི་དུས་ཚིགས་ཁྱད་པར་ཅན་གྱི་སྐབས་འདིར། མགོན་པོ་གང་ཉིད་ལ་སྒོ་གསུམ་གུས་ཕྱག་གྲངས་མེད་སྔོན་དུ་བཏང་སྟེ་འཚམས་འདྲིའི་བཀྲ་ཤིས་བདེ་ལེགས་ཞུ།
སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་འཛམ་གླིང་ཞི་བདེ་དང་སྐྱེ་འགྲོ་ཀུན་ལ་བདེ་སྐྱིད་བསྐྲུན་ཆེད་ཆོས་ཁས་ལེན་མིན་ཀུན་གྱིས་ངོས་ལེན་ཐུབ་པའི་བྱམས་པ་དང་། སྙིང་རྗེ། བཟོད་བསྲན། གཞན་ཕན་སོགས་རྒྱུད་ལ་འཇགས་ཐབས་ཀྱི་འགྲོ་བ་མིའི་བཟང་སྤྱོད་གོང་སྤེལ་མཛད་བཞིན་པ་དང་། འཛམ་གླིང་ནང་ཆོས་ལུགས་ཁག་གིས་འགྲོ་ཀུན་བདེ་སྐྱིད་ངང་གནས་ཐབས་ཀྱི་བྱམས་པ་དང་བརྩེ་བ་སོགས་གཅིག་གྱུར་དུ་གསུངས་པ་བཞིན། ཆོས་ལུགས་ནང་ཕན་ཚུན་མཐུན་སྒྲིལ་དག་སྣང་སྦྱོང་ཐབས་སུ་ཁ་ཞེ་གཉིས་མེད་ཀྱི་གུས་བརྩི་དང་ཡི་རང་བསྔགས་བརྗོད་ཞུ་དགོས་པའི་ལམ་སྟོན་དང་སྣེ་ཁྲིད་མཛད་ཅིང་། འཛམ་གླིང་ཞི་བདེ་དང་འགྲོ་བ་ཡོངས་ལ་བདེ་སྐྱིད་བསྐྲུན་རྒྱུར་ཆོས་ལུགས་ཁག་གིས་ཞབས་འདེགས་ཞུ་ཐུབ་པའི་ཐུགས་རེ་དང་ཡིད་ཆེས་གནང་གི་ཡོད།
དེ་བཞིན་༸མགོན་པོ་གང་གིས་རྒྱལ་སྤྱིའི་ནང་འགྲོ་བ་མིའི་ཐོབ་ཐང་དང་། ཁོར་ཡུག་གི་གནད་དོན་སོགས་རྩོད་རྙོག་ཇི་ཡོད་རྣམས་གྲོས་མོལ་གྱི་ལམ་ནས་སེལ་དགོས་པ་དང་། རྡུལ་ཕྲན་མཚོན་ཆ་དང་དམག་འཁྲུག་མེད་པའི་འཛམ་གླིང་ཞི་བདེར་བསྒྱུར་རྒྱུ་དང་། ལྷག་པར་དུ་རྒྱ་ནག་གཞུང་གིས་བོད་སར་བཙན་འཛུལ་བྱས་པ་ནས་བཟུང་གནས་སྟངས་ཛ་དྲག་ཆེ་ཆུང་ཇི་ཡིན་ལ་མ་ལྟོས་པར་དུས་རྟག་ཏུ་ཕན་ཚུན་གཉིས་སྨན་དབུ་མའི་ལམ་གྱི་སྲིད་བྱུས་བརྒྱུད་ནས་འགྲིག་འཇགས་ཡོང་ཐབས་མཛད་ཅིང་། མཛད་འཕྲིན་དེ་དག་ལ་ངོས་འཛིན་དང་ཆེ་བསྟོད་ཞུ་ཆེད་ཕྱི་ལོ་ ༡༩༨༩ ལོར་འཛམ་གླིང་ནང་ཆེས་སྙན་གྲགས་ཆེ་བའི་ནོ་སྦེལ་ཞི་བདེའི་གཟེངས་རྟགས་འབུལ་བཞེས་མཛད་ཡོད་ཅིང་། དེའང་ནོར་ཝེ་ནོ་སྦེལ་གཟེངས་རྟགས་ལྷན་ཚོགས་ཀྱི་ཆེ་བསྟོད་ཚིག་བརྗོད་ནང་། ལྷན་ཚོགས་ཀྱི་ངོས་ནས་༸གོང་ས་ཏཱ་ལའི་བླ་མ་མཆོག་གིས་བོད་མིའི་བདེན་དོན་འཐབ་རྩོད་འཚེ་མེད་ཞི་བའི་ལམ་དུ་འཁྲིད་གནང་མཛད་པ་མ་ཟད། བོད་མིའི་ཐུན་མོང་མ་ཡིན་པའི་ཆོས་དང་རིག་གཞུང་སྲུང་སྐྱོབ་ཆེད་དུ་གཉིས་མོས་གུས་བརྩི་དང་བཟོད་བསྲན་ཐོག་ནས་བོད་དོན་འགྲིག་འཇགས་ཡོང་ཐབས་གནང་བཞིན་པར་གཟེངས་བསྟོད་ཞུ་རྒྱུ་ཡིན། ཞེས་འཁོད་ཡོད།
སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་འཛམ་གླིང་ཞི་བདེ་བསྐྲུན་རྒྱུར་ལྷག་བསམ་རྣམ་དག་གིས་ཐུགས་བརྩོན་མུ་མཐུད་གནང་དང་གནང་བཞིན་པར་བརྟེན། ནོ་སྦེལ་ཞི་བདེའི་གཟེངས་རྟགས་བཞེས་མཁན་གཞན་རྣམས་ཀྱིས་ཀྱང་༸མགོན་པོ་གང་ཉིད་ཆེས་གོང་དུ་བཀུར་བ་མ་ཟད། སྐྱེ་བོ་མང་པོས་ཞི་བདེ་དང་བྱམས་བརྩེའི་མཚོན་རྟགས་སུ་ངོས་འཛིན་ཞུ་ཞིང་། དེང་གི་ཆར་འཛམ་གླིང་ནང་གུས་བཀུར་དང་དགའ་མོས་ཆེ་ཤོས་ཞུ་ཡུལ་གྱི་དབུ་འཁྲིད་ཅིག་ཏུ་གྱུར་ཡོད། དེ་བཞིན་༸གོང་ས་མཆོག་ལ་ནོ་སྦེལ་ཞི་བདེའི་གཟེངས་རྟགས་འབུལ་བཞེས་མཛད་པ་དེས་བོད་ཀྱི་བདེན་དོན་ཐོག་ལའང་རྒྱལ་སྤྱིའི་ནང་གོ་རྟོགས་དང་། དོ་སྣང་། རྒྱབ་སྐྱོར་ཇེ་ཆེར་སོང་ཡོད།
གཞན་ཡང་དེ་རིང་ནི་མཉམ་འབྲེལ་རྒྱལ་ཚོགས་ཀྱི་འགྲོ་བ་མིའི་ཐོབ་ཐང་གི་ཡོངས་ཁྱབ་གསལ་བསྒྲགས་སྤེལ་ནས་ལོ་ངོ་ ༧༡ འཁོར་བའི་རྒྱལ་སྤྱིའི་འགྲོ་བ་མིའི་ཐོབ་ཐང་གི་ཉིན་མོ་ཡང་སྲུང་བརྩི་ཞུ་ཡི་ཡོད། འོན་ཀྱང་བོད་གངས་ཅན་གྱིས་གཙོས་པའི་འཛམ་གླིང་ཡུལ་གྲུ་མང་པོའི་ནང་དབང་འཛིན་པ་ཚོས་འགྲོ་བ་མིའི་ཐོབ་ཐང་བརྡལ་བཤིག་ཚབས་ཆེན་བཏང་དང་གཏོང་བཞིན་པའི་ཡ་ང་བའི་གནས་སྟངས་འོག་གནས་མུས་ཡིན། བོད་ནང་བོད་མི་ཚོས་རྒྱ་ནག་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་རྩ་ཁྲིམས་དང་མི་རིགས་ས་གནས་རང་སྐྱོང་གི་བཅའ་ཁྲིམས་གཉིས་ཀྱི་འབྲུ་དོན་བཞིན་བོད་ཀྱི་ཆོས་དང་རིག་གཞུང་། སྐད་ཡིག ཁོར་ཡུག་བཅས་ཉམས་པ་སླར་གསོ་མི་ཉམས་གོང་སྤེལ་གྱི་མངོན་འདོད་བཏོན་པ་ཙམ་གྱིས་འཛིན་བཟུང་དང་བཙོན་འཇུག་སོགས་བྱེད་པའི་གནས་སྟངས་ཡོད་ནའང་། བོད་མི་ཚོས་རྒྱ་གཞུང་གི་དྲག་གནོན་གྱི་སྲིད་བྱུས་ལ་རྣམ་པ་དང་གཞི་རྒྱ་ཆེ་ཆུང་འདྲ་མིན་གྱི་ཐོག་ནས་ཞི་བའི་ངོ་རྒོལ་བསྟུད་མར་བྱས་ཡོད། ལྷག་པར་དུ་ཕྱི་ལོ་ ༢༠༠༩ ནས་བཟུང་ཉེ་ཆར་ཕྱི་ལོ་ ༢༠༡༩ ཟླ་ ༡༡ ཚེས་ ༢༦ ཉིན་མདོ་སྨད་རྔ་པ་རྨེའུ་རུ་མ་ཡུལ་ཚོ་ནས་ཡིན་པའི་རང་ལོ་ ༢༤ ཙམ་སོན་པའི་བུ་ཡོན་ཏན་ལགས་ཀྱིས་རང་ལུས་མེར་སྲེག་བཏང་གནང་བ་བཅས་ད་བར་བོད་ནང་བོད་མི་ ༡༥༤ ཡིས་རང་ལུས་མེར་སྲེག་བཏང་གནང་ཡོད་པ་མ་ཟད། ཁོང་རྣམ་པས་རང་ལུས་མེར་སྲེག་གཏོང་གནང་བའི་སྐབས་སུ། སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་བོད་ལ་གདན་འདྲེན་ཞུ་དགོས་པ་དང་། བོད་མི་ལ་རང་དབང་དགོས་ཞེས་བོད་མི་རིགས་ཀྱི་མངོན་འདོད་ཀྱི་འབོད་སྒྲ་བསྒྲགས་ཡོད།
འོན་ཀྱང་རྒྱ་ནག་གཞུང་གིས་མངོན་འདོད་དེ་དག་ལ་རྩིས་མེད་བཏང་བའི་ཐོག ཕྱི་ལོ་ ༢༠༡༨ ལོར་དོན་ཚན་ཉེར་གཉིས་ཅན་གྱི་བརྡ་ཁྱབ་ཞིག་གསལ་བསྒྲགས་བཏང་སྟེ། བོད་ནང་ཕ་སྐད་དང་ཁོར་ཡུག་སྲུང་སྐྱོབ་བྱེད་པ་དང་། དབུ་མའི་ལམ་སྐོར་དྲིལ་བསྒྲགས་བྱེད་པ་ཡིན་ན། ལོག་སྤྱོད་པའི་བསམ་བློ་གཏོང་མཁན་གྱི་ཁ་བྲལ་བའི་མིང་ཐོག་ནས་བཙོན་འཇུག་གཙོས་པའི་ཉེས་ཆད་འདྲ་མིན་བཏང་དང་གཏོང་བཞིན་པ་དང་། ཕྱི་ལོ་ ༢༠༠༨ ནས་བཟུང་རྒྱ་ནག་གཞུང་གིས་བོད་མི་ཚོ་ཕྱི་རྒྱལ་ཡུལ་གྲུ་ཁག་ཏུ་ཡུལ་སྐོར་དང་། གཉེན་འཕྲད། གནས་མཇལ་སོགས་ལ་འགྲོ་རྒྱུར་ཚད་ལས་བརྒལ་བའི་བཀག་སྡོམ་དང་། བོད་མི་རྣམས་བོད་ས་ནང་ཁུལ་དུ་འགྲོ་འདུག་བྱེད་པའི་རང་དབང་ལའང་དམ་བསྒྲགས་ཆེན་པོ་བྱེད་བཞིན་པ་མ་ཟད། རྒྱུ་མཚན་ཁ་གསལ་མེད་པར་བཙན་ཁྲིད་དང་བཙོན་འཇུག་གི་ཁྲིམས་ཐག་བཅད་དང་གཅོད་བཞིན་ཡོད།
དཔེར་ན། རང་ལོ་ ༣༦ ཙམ་སོན་པའི་རྔ་པ་ཀིརྟི་དགོན་པའི་གྲྭ་བློ་བཟང་རྡོ་རྗེ་ལགས་ལོ་སྔོན་མའི་ཕྱི་ཟླ་ ༧ ནང་ཕྱི་ཕྱོགས་ལ་འབྲེལ་བ་བྱས་ཚུལ་བསྙད་དེ་མཚན་མོར་རང་ཤག་ནས་ཉེན་རྟོག་པས་བཙན་ཁྲིད་བྱས་ཡོད་ཅིང་། འདི་ལོ་ཕྱི་ཟླ་ ༩ ཚེས་ ༣ ཉིན་ཁོང་ལ་ཉེས་མིང་ཁ་གསལ་མེད་པར་ལོ་གསུམ་གྱི་བཙོན་འཇུག་ཁྲིམས་ཐག་བཅད་ཡོད་པ་དང་། ཕྱི་ཟླ་ ༩ ཚེས་ ༡༩ ཉིན་རང་ལོ་ ༢༢ ཡིན་པའི་རྔ་པ་ཀིརྟི་དགོན་པའི་གྲྭ་བསོད་ནམས་དཔལ་ལྡན་ལགས་རྒྱ་གཞུང་ཉེན་རྟོག་པས་དགོན་པའི་ནང་ནས་བཙན་ཁྲིད་བྱས་ཡོད་ཀྱང་འཛིན་བཟུང་བྱེད་དགོས་པའི་རྒྱུ་མཚན་དང་། ད་བར་གང་དུ་བཀག་ཉར་བྱས་ཡོད་མེད་ཙམ་ཡང་གསལ་བཤད་བྱས་མེད། དེ་བཞིན་ཉེ་ཆར་ཟླ་ ༡༡ ཚེས་ ༧ ཉིན་རྒྱ་ནག་གཞུང་གིས་སེར་ཤུལ་རྫ་དབོན་པོར་དགེ་འདུན་པ་ལྔ་དང་།
ཟླ་ ༡༡ ཚེས་ ༡༨ མཚན་མོར་གྲྭ་ཉི་མ་ལགས་དང་། ཉིན་གསུམ་རྗེས་ལ་ཡོན་ཏན་ལགས་དང་ཆོས་རྒྱལ་ལགས་བཅས་ཀྱིས་རྒྱ་ནག་གཞུང་གི་སྲིད་བྱུས་ལ་མི་འདོད་པའི་ངོ་རྒོལ་སྐད་འབོད་བྱས་པར་ཉེན་རྟོག་པས་ཁོང་རྣམས་འཛིན་བཟུང་བྱས་ཡོད་པ་མ་ཟད། ད་ལྟའི་ཆར་སེར་ཤུལ་ཕྱོགས་ལ་དམ་བསྒྲགས་ཆེན་པོ་ཡོད་པའི་གནས་ཚུལ་ཐོན་ཡོད། མདོར་ན་གོང་གི་གནས་ཚུལ་དེ་དག་གིས་བོད་ནང་སྨྲ་བརྗོད་དང་ཆོས་དད་རང་དབང་མེད་པ་གསལ་པོ་ཡིན་ཞིང་། དེ་བཞིན་འགྲོ་བ་མིའི་ཐོབ་ཐང་ལྟ་ཞིབ་ཚོགས་པས་ཀྱང་འདི་ལོའི་སྙན་ཐོའི་ནང་བོད་ལ་སྨྲ་བརྗོད་དང་། ཆོས་དད། འདུ་འཛོམས་སོགས་ཀྱི་རང་དབང་མེད་པའི་སྐོར་བཀོད་ཡོད་པ་མ་ཟད། ཨ་རིར་རྟེན་གཞི་བྱས་པའི་རང་དབང་ཁང་པའི་ ༢༠༡༩ ལོའི་སྙན་ཐོ་ལྟར་ན། བོད་ནི་ལོ་བཞི་བསྟུད་མར་འཛམ་གླིང་ནང་རང་དབང་གི་ཚད་དམའ་ཤོས་ཀྱི་རྒྱལ་ཁབ་གཉིས་པ་ཡིན་པ་གསལ་པོ་བཀོད་ཡོད།
ལྷག་པར་དུ་དགུང་གྲངས་སུམ་ཅུར་ཕེབས་པའི་ཀུན་གཟིགས་པཎ་ཆེན་སྐུ་ཕྲེང་བཅུ་གཅིག་པ་དགེ་འདུན་ཆོས་ཀྱི་ཉི་མ་མཆོག་དགུང་ལོ་དྲུག་ལ་ཕེབས་སྐབས་རྒྱ་དམར་གཞུང་གིས་བཙན་ཁྲིད་བྱས་པ་ནས་བཟུང་མི་ལོ་ ༢༤ རིང་གར་སོང་ཆ་མེད་དུ་གྱུར་ཡོད་ཅིང་། རྒྱལ་སྤྱིའི་ནང་གློད་བཀྲོལ་དགོས་པའི་འབོད་སྐུལ་དང་གནོན་ཤུགས་ཇི་སྙེད་ཅིག་སྤྲད་ཀྱང་རྒྱ་ནག་གཞུང་གིས་ད་བར་ཁོང་དང་ནང་མི་རྣམས་གློད་བཀྲོལ་བྱས་མེད་པའི་ཐོག འདི་ལོ་ཟླ་ ༩ ནང་ཇི་ནི་ཝར་འཚོགས་པའི་རྒྱལ་ཚོགས་ཀྱི་བཙན་དབང་འོག་གར་སོང་ཆ་མེད་དུ་གྱུར་པའི་ཞིབ་བཤེར་ལས་དོན་ཚོགས་ཆུང་གི་ཚོགས་འདུ་ཐེངས་ ༡༡༩ པའི་ཐོག་རྒྱ་ནག་གཞུང་ལ་༸ཀུན་གཟིགས་པཎ་ཆེན་སྐུ་ཕྲེང་བཅུ་གཅིག་པ་མཆོག་དང་ནང་མི་ལྷན་རྒྱས་གང་དུ་ཡོད་མེད་འདྲི་རྩད་བྱས་པར་ལན་འདེབས་གསལ་པོ་བྱས་མེད། གལ་ཏེ་རྒྱ་ནག་གཞུང་གིས་རྒྱལ་སྤྱིའི་སྡིངས་ཆའི་སྟེང་བོད་ནང་སྨྲ་བརྗོད་རང་དབང་དང་ཆོས་དད་རང་དབང་ཡོད་ཅེས་ཡང་ཡང་བརྗོད་པ་བདེན་པ་ཡིན་ཚེ། ༸པཎ་ཆེན་མཆོག་སྤྲུལ་རིན་པོ་ཆེ་མཆོག་དང་། ནང་མི་ལྷན་རྒྱས། བྱ་བྲལ་རིན་པོ་ཆེ་མཆོག་གཙོས་པའི་བོད་ཀྱི་ཆབ་སྲིད་བཙོན་པ་རྣམས་འཕྲལ་དུ་གློད་བཀྲོལ་གཏང་དགོས།
ཕྱི་ལོ་ ༡༩༦༩ ནས་བཟུང་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ལ་རྒྱལ་སྤྱིའི་གསར་འགོད་པ་མང་པོས་གང་ཉིད་ཀྱི་ཡང་སྲིད་སྐོར་བཀའ་འདྲི་ཞུས་སྐབས། ཏཱ་ལའི་བླ་མའི་ཡང་སྲིད་ལམ་སྲོལ་སྔར་ལམ་བཞིན་རྒྱུན་སྐྱོང་དགོས་དང་མི་དགོས་བོད་མི་ཚོས་ཐག་གཅོད་བྱེད་དགོས་པ་ཞིག་རེད། ཅེས་བཀའ་ལན་སྩལ་ཡོད་པ་ལྟར། ཕྱི་ལོ་ ༢༠༡༩ ཟླ་ ༡༠ ཚེས་ ༣ ནས་ ༥ བར་གྱི་དམིགས་བསལ་ཚོགས་ཆེན་ཐེངས་གསུམ་པ་དང་། ཕྱི་ལོ་ ༢༠༡༩ ཟླ་ ༡༡ ཚེས་ ༢༧ ཉིན་བོད་མིའི་ཆོས་ཚོགས་ཐེངས་བཅུ་བཞི་པའི་དམིགས་བསལ་གྲོས་ཆོད་བཅས་སུ་༸རྒྱལ་བའིི་ཡང་སྲིད་ཕེབས་ཕྱོགས་ཀྱི་ཐུགས་ཐག་གཅོད་རྒྱུའི་སྐུ་དབང་ཡོངས་རྫོགས་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་སྐུ་ཉིད་གཅིག་པུར་ཡོད་པ་དང་། ༸གོང་ས་ཏཱ་ལའི་བླ་མའི་སྐུ་ཕྲེང་ལམ་ལུགས་སྔར་མུས་བཞིན་རྒྱུན་སྐྱོང་ངེས་པར་དུ་དགོས་པ་ལས། རྒྱ་ནག་གཞུང་གིས་སྲིད་དོན་དགོས་མཁོ་ལ་བརྟེན་ནས་ཡང་སྤྲུལ་ངོས་འཛིན་བྱས་པ་བྱུང་ཚེ། དེ་ལ་བོད་མི་ཚོའི་ངོས་འཛིན་དང་དད་མོས་བྱ་རྒྱུ་མིན་པ་བཅས་གྲོས་ཆོད་རིམ་པ་བཞག་ཡོད་ཅིང་། ཕྱི་ཟླ་ ༡༠ ནང་ཨ་རིའི་རྒྱལ་སྤྱིའི་ཆོས་དད་རང་དབང་སྲུང་སྐྱོབ་ལྷན་ཁང་གི་ཆེས་མཐོའི་སྐུ་ཚབ་སེ་མུལ་ ཌི་ སྦོ་རོན་བེཀ་(Samuel D. Brownback)མཆོག་བཞུགས་སྒར་དྷ་སར་བོད་མིའི་སྒྲིག་འཛུགས་ཀྱིས་ཆེད་མངགས་གདན་འདྲེན་ཞུས་པ་བཞིན་གཞུང་འབྲེལ་འཚམས་གཟིགས་སྐབས་སུ་དམིགས་བསལ་ཚོགས་ཆེན་གསུམ་པའི་གྲོས་ཆོད་ལ་རྒྱབ་སྐྱོར་གནང་ཡོད།
ལྷག་པར་དུ་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་ཐོག་མར་བཙན་བྱོལ་དུ་འབྱོར་སྐབས་བོད་མི་རྣམས་ལ་ངོ་ཤེས་པ་གནམ་དང་ས་མ་གཏོགས་མེད་པའི་སྐབས་ནས་ཐུགས་བརྩེ་བ་ཆེན་པོས་བཙན་བྱོལ་བོད་མིའི་སྒྲིག་འཛུགས་དང་། གཞིས་ཆགས། སློབ་གྲྭ། ཆོས་སྡེ་ཁག་གསར་འཛུགས་དང་རྒྱ་སྐྱེད་རིམ་པར་མཛད་དེ། བོད་རིགས་གཞོན་སྐྱེས་ཡོངས་ལ་བོད་ཀྱི་སྐད་དང་ཡི་གེ། ཆོས་དང་རིག་གཞུང་། དེང་རབས་ཀྱི་ཤེས་ཡོན་བཅས་སྦྱོང་རྒྱུའི་གོ་སྐབས་བཟང་པོ་ཐོབ་པ་མ་ཟད། ༸མགོན་པོ་མཆོག་གི་དུས་གསུམ་གསལ་གཟིགས་ཀྱི་རླབས་ཆེན་མཛད་འཕྲིན་ལ་བརྟེན་ནས་གཞིས་བྱེས་གཉིས་སུ་གནས་པའི་བོད་རིགས་རྣམས་ཀྱི་སྙིང་སྟོབས་གོང་ནས་གོང་དུ་འཕེལ་ཐུབ་པ་བྱུང་ཡོད། དེ་བཞིན་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་འགྲོ་བ་མིའི་བཟང་སྤྱོད་གོང་འཕེལ་དང་། ཆོས་ལུགས་མཐུན་སྒྲིལ། རྒྱ་གར་གྱི་གནའ་བོའི་རིག་གཞུང་སླར་གསོ་གནང་རྒྱུར་ཐུགས་བརྩོན་མཛད་བཞིན་པ་བཅས་འགྲོ་བ་སྤྱི་ལ་ཁྱབ་པའི་མཛད་འགན་བླ་ན་མེད་པ་བཞེས་པ་ལ་བརྟེན་ནས་རྒྱལ་སྤྱིའི་ནང་སྲིད་གཞུང་དང་། གྲོས་ཚོགས་དང་གྲོས་ཚོགས་ཀྱི་འཐུས་མི། ཚོགས་སྒེར་བཅས་བོད་དོན་རྒྱབ་སྐྱོར་བ་ཇེ་མང་དུ་འགྲོ་བཞིན་པ་དང་། དེའི་ཐོག་ནས་བོད་མི་རྣམས་བཙན་བྱོལ་བ་འདྲ་འདྲའི་ནང་ནས་མི་འདྲ་བར་གྱུར་ཡོད་པ་མ་ཟད། བོད་ཀྱི་བདེན་མཐའ་གསལ་བར་ཕན་རླབས་ཆེན་པོ་འགྱུར་བཞིན་པ་སོགས་མི་ལོ་ ༦༠ རིང་ཕྱི་ནང་མཛད་འཕྲིན་མཐའ་ཡས་པ་བསྐྱངས་པའི་བཀའ་དྲིན་རྗེས་སུ་དྲན་པའི་ཐོག་དྲིན་གཟོ་ཞུ་བར་སྟོང་གསུམ་རིན་ཆེན་དང་པོས་བཀང་ཡང་གཞལ་དུ་མེད་ཀྱང་། མེ་ཏོག་ཆུང་ཡང་མཆོད་པའི་རྫས་ཀྱི་དཔེ་ལྟར། ཕྱི་ལོ་ ༢༠༢༠ ལོ་དེ་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་བཀའ་དྲིན་རྗེས་དྲན་གྱི་ལོར་སྲུང་བརྩི་ཞུ་རྒྱུ་ཡིན།
ལོ་དེའི་ནང་བོད་མི་ཡོངས་ཀྱིས་༸རྒྱལ་བའི་སྐུ་ཚེ་བསྐལ་བརྒྱར་བརྟན་པ་དང་བོད་མིའི་སྤྱི་མཐུན་བསོད་ནམས་གསོག་ཆེད་དུ་ཆོས་ཕྱོགས་ཀྱི་དགེ་སྒྲུབ་ཀྱི་བྱ་བ་སྔར་ལྷག་བསྒྲུབ་དགོས་པ་མ་ཟད། ༸རྒྱལ་བའི་ཐུགས་ཀྱི་དམ་བཅའ་བཞིས་གཙོས་པའི་མཛད་པ་འཕྲིན་ལས་རྣམས་གོང་འཕེལ་གཏོང་རྒྱུར་རང་འཁྲིའི་ལས་འགན་དང་བཀའ་བཞིན་སྒྲུབ་པའི་མཆོད་པར་བསམས་ཏེ་འབད་བརྩོན་ཞུ་དགོས་པ་མ་ཟད། བོད་ཀྱི་རྩ་དོན་ལ་ཕན་པའི་ཆབ་སྲིད་ལས་དོན་གང་མང་སྤེལ་དགོས་ཅིང་། ཆོལ་གསུམ་བོད་རིགས་ཡོངས་རྫོགས་དམ་ཚིག་གཅིག་སྒྲིལ་དགོས་པའི་བཀའ་དགོངས་བཞིན་བོད་འབངས་ཡོངས་ནས་སྔར་ལྷག་ཞུ་རྒྱུའི་ཁས་ལེན་བརྟན་པོ་འཇོག་རྒྱུ་ཡིན།
ད་རེས་ཀྱི་གོ་སྐབས་འདི་བརྒྱུད་རྒྱ་གར་དབུས་སའི་གཞུང་མང་གཉིས་གཙོས་པའི་རྒྱལ་སྤྱི་ཁྱོན་ཡོངས་ནས་བོད་མི་རིགས་ཀྱི་ཆེས་གཉན་འཕྲང་ཆེ་བའི་དུས་སྐབས་འདིར་མཐུན་འགྱུར་རོགས་རམ་དང་། བོད་མིའི་བདེན་དོན་ལ་རྒྱབ་སྐྱོར་དང་གདུང་སེམས་མཉམ་བསྐྱེད་གནང་བར་སྙིང་དབུས་ནས་བཀའ་དྲིན་རྗེས་དྲན་ཞུ་བ་དང་ཆབས་ཅིག་ཐུགས་རྗེ་བླ་མེད་དུ་ཆེ་ཞུ་རྒྱུ་ཡིན།
མཐའ་དོན། སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་སྐུ་ཚེ་ཞབས་པད་བསྐལ་བརྒྱར་བརྟན་པའི་གསོལ་བ་ཕུར་ཚུགས་སུ་འདེབས་ཤིང༌། ཐུགས་ཀྱི་བཞེད་དགོངས་མཐའ་དག་ལྷུན་གྱིས་འགྲུབ་པ་དང༌། འཛམ་གླིང་སྐྱེ་འགྲོ་ཡོངས་ལ་ཞི་བདེའི་འོད་སྣང་ཁྱབ་པ། གཞིས་བྱེས་བོད་མི་མཉམ་འཛོམས་ཀྱི་སྐལ་བཟང་གི་ཉི་མ་མྱུར་དུ་འཆར་བའི་སྨོན་འདུན་ཞུ་རྒྱུ་བཅས། བཀའ་ཤག་གིས། ཕྱི་ལོ་ ༢༠༡༩ ཟླ་ ༡༢ ཚེས་ ༡༠ ལ།། །།