ཕྱི་ལོ་ ༢༠༡༩ ཟླ་ ༡༢ ཚེས་ ༩ རེས་གཟའ་ཟླ་བ།
༄༅། །ཕྱི་ལོ་ ༢༠༡༩ ཟླ་ ༡༢ ཚེས་ ༩ རེས་གཟའ་ཟླ་བའི་ཉིན་གྱི་སྔ་དྲོ་ཆུ་ཚོད་ ༨ ཙམ་ལ་བོད་མིའི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་བཞུགས་སྒར་༸རྒྱལ་བའི་ཕོ་བྲང་ནས་སྟོན་འཁོར་ཧྲག་བསྡུས་བཅས་རྒྱ་གར་ལྷོ་ཕྱོགས་གྷོ་བར་ཆིབས་སྒྱུར་བསྐྱངས་ཡོད།
དེ་ཡང་མཛད་འཆར་ལྟར་ན། ཕྱི་ཚེས་ ༡༡ ཉིན་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆན་པོ་མཆོག་གིས་རྒྱ་གར་ལྷོ་ཁུལ་གྷོ་བ་ Goa གཙུག་ལག་སློབ་གྲྭ་ཆེན་མོས་ཇི་ལྟར་གསོལ་བ་བཏབ་པ་ལྟར་ཁུལ་དེར་དཔལ་ནཱ་ལེནྡྲའི་ཆོས་བརྒྱུད་ལས་དེང་དུས་དང་འབྲེལ་ཡོད་སྐོར་ལ་བཀའ་སློབ་སྩལ་རྒྱུ།
ཚེས་ ༡༤ ཉིན་རྒྱ་གར་ལྷོ་ཕྱོགས་འབྲས་སྤུངས་སྒོ་མང་གྲྭ་ཚང་གི་ཆོས་ར་གསར་པ་དབུ་འབྱེད་དང་། དེ་བཞིན་ཨེ་མོ་རི་དང་བོད་ཀྱི་ཚན་རིག་ལས་རིམ་ཚུགས་ནས་ལོ་དྲུག་འཁོར་བའི་མཛད་སྒོར་དབུ་བཞུགས་གནང་རྒྱུ་དང་། ཚེས་ ༡༦ ཉིན་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་ལྷོ་ཕྱོགས་འབྲས་སྤུངས་བློ་གསལ་གླིང་དུ་ཚེ་དབང་གི་ཆོས་འབྲེལ་བཀའ་དྲིན་སྩལ་རྒྱུ།
ཚེས་ ༡༧ ཉིན་གྱི་སྔ་དྲོ་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་འབྲས་སྤུངས་བློ་གསལ་གླིང་དུ་དབུ་མ་བཞི་བརྒྱ་བའི་བགྲོ་གླེང་ལ་དབུ་བཞུགས་མཛད་རྒྱུ་དང་། ཚེས་ ༢༠ ཉིན་གྱི་སྔ་དྲོ་རྒྱ་གར་ལྷོ་ཕྱོགས་དགའ་ལྡན་བླ་སྤྱི་རུ་རྗེ་ཙོང་ཁ་པའི་རྗེས་དྲན་དུ་རྒྱལ་སྤྱིའི་མཁས་པའི་བགྲོ་གླེང་ཆེན་མོར་དབུ་བཞུགས་མཛད་རྒྱུ།
ཚེས་ ༢༡ ཉིན་སྔ་དྲོ་རྗེ་ཙོང་ཁ་པ་ཆེན་པོ་སྐུ་ཞི་བར་གཤེགས་ནས་མི་ལོ་ ༦༠༠ འཁོར་བའི་རྗེས་དྲན་མཛད་སྒོར་ཆིབས་བསྒྱུར་བཀའ་དྲིན་བསྐྱངས་རྒྱུ་དང་། དེ་བཞིན་ཚེས་ ༢༢ ཉིན་དགའ་ལྡན་དགོན་པར་རྒྱལ་སྤྱིའི་དགེ་ལྡན་ལྷན་ཚོགས་དང་འབྲས་སྤུངས། དགའ་ལྡན་དགོན་པ་བཅས་ནས་བརྟན་བཞུགས་བསྟར་འབུལ་ཞུ་རྒྱུ་ཡིན་འདུག་པ་བཅས། །