ཕྱི་ལ་ོ ༢༠༡༩ ཟླ་ ༡༢ ཚེས་ ༧ རེས་གཟའ་སྤེན་པ།
༄༅། །ཕྱི་ལོ་ ༢༠༡༩ ཟླ་ ༡༢ ཚེས་ ༧ ཉིན་འཕགས་ཡུལ་ཀིརྟིའི་བྱེས་པ་གྲ་ཚང་བཙུགས་ནས་མི་ལོ་ཧྲིལ་པོ་ཉེར་ལྔ་འཁོར་བའི་རྟེན་འབྲེལ་མཛད་སྒོར་བོད་མིའི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་བཀའ་སློབ་སྩལ་དོན། ཀིརྟི་རིན་པོ་ཆེས་མཚོན་ཆེད་མངགས་འདིར་འཛོམས་པའི་ཆོས་ལུགས་ཁག་གི་དབུ་ཁྲིད་དང་མཁས་དབང་། བཙན་བྱོལ་སྒྲིག་འཛུགས་ཀྱི་དབུ་ཁྲིད། དེ་རིང་ཆེད་མངགས་འདིར་ཕེབས་པར་འཚམས་འདྲི་དང་སྦྲགས་ཐུགས་རྗེ་ཆེ་ཞུ་རྒྱུ་ཡིན། ངོས་ཀྱིས་པཎ་གྲུབ་བཅུ་བདུན་གྱི་གསོལ་འདེབས་མཇུག་དེར་བཀོད་པ་ལྟར། སྟོན་པའི་ཆོས་ཚུལ་ལ་ཤེས་ནས་དད་པ་ཐོབ་ཅིང་། རིས་མེད་རྒྱལ་བའི་བསྟན་པར་དག་སྣང་དགོས་པ་གལ་ཆེན་པོ་རེད། གོང་དུ་བློ་བཟང་སེངྒེ་ལགས་ཀྱིས་བཤད་པ་ལྟར་རེད། འཛམ་གླིང་འདིའི་སྒང་ལ་ཆོས་དད་ཟེར་བ་དེ་ང་ཚོའི་དཔེ་ཆའི་ནང་མཐོང་བ་མངོན་གྱུར་དང་། ཅུང་ཟད་ལྐོག་གྱུར། ཤིན་ཏུ་ལྐོག་གྱུར་གསུངས་ཡོད། ཆོས་ལུགས་མང་པོ་གཅིག་གིས་ཅུང་ཟད་ལྐོག་གྱུར་སྒང་ལ་སླེབས་སྐབས་དད་པ་གཙོ་བོ་བྱས་ནས་འགྲོ་བཞིན་ཡོད། སངས་རྒྱས་པའི་ཆོས་ཀྱིས། གཙོ་བོའི་དོན་ལ་མི་བསླུའི་ཕྱིར། །གཞན་ལ་རྗེས་སུ་དཔག་པ་ཡིན། །ཞེས་ཅུང་ཟད་ལྐོག་གྱུར་གྱི་དོན་དག་མང་པོ་ཞིག་ལ་རྩད་གཅོད་བྱེད་སྐབས་ར་འཕྲོད་རྒྱུ་ཞིག་ཡོད། དེའང་མཐར་མཐོང་བ་མངོན་གྱུར་ལ་གཏུག་སྐབས་སེམས་ལ་འགྱུར་བ་ཐེབས་རྒྱུ་ཡོད་པ་ཞིག་ཡོད། དེ་ལྟ་བུ་རྒྱུ་མཚན་དུ་བྱས་ནས་གཙོ་བོ་ཐར་པ་དོན་དུ་གཉེར་བའི་བློ་སྐྱེ་རྒྱུ་དང་། ཐར་པ་བསྒྲུབ་རྒྱུའི་ལམ་མཆོག་དེ་དག་སྒྲུབ་བྱེད་ཀྱི་རིགས་པའི་ལ་བརྟེན་ནས་བསམ་བློ་གཏོང་རྒྱུ་ཡོད་པ་ཞིག་ཆགས་སྐབས་མཐར་མངོན་སུམ་གྱི་མྱོང་བ་ལ་གཏུགས་ནས་འགྲོ་རྒྱུ་ཡོད་པ་རེད། དེ་ལྟ་བུའི་སྟོན་པས་གསུང་པའི་ཤིན་ལྐོག་གི་གནད་འགག་དེ་དག་ལ་གཞི་ནས་ཡིད་ཆེས་སླེབ་རྒྱུ་ཞིག་ཡོང་གི་ཡོད། དེར་བརྟེན་གཙོ་བོའི་དོན་ལ་མི་བསླུའི་ཕྱིར། ཞེས་པ་དེ་གལ་ཆེན་པོ་རེད་འདུག
ང་ཚོ་མང་པོ་ཞིག་དད་པ་བྱས་ནས་སྐྱབས་སུ་མཆིས་ཞེས་ཕ་མེས་ནས་མར་དད་པ་བྱས་པ་དང་། བཀའ་ཆོས་གནང་མཁན་གྱི་བླ་མ་མང་པོ་ཞིག་གིས་དད་པ་གཙོ་བོ་བྱས་ནས་གསུང་པ་ལྟ་བུ་འདུག དཔེར་ན། པཎ་ཆེན་བློ་བཟང་ཆོས་རྒྱན་གྱི་ལམ་རིམ་བདེ་ལམ་དང་པཎ་ཆེན་བློ་བཟང་ཡེ་ཤེས་ཀྱི་ལམ་རིམ་མྱུར་ལམ་གཉིས་པོ་དེ་བཀའ་གདམས་གཞུང་པ་བའི་འཁྲིད་སྟངས་མ་རེད། བཀའ་གདམས་ལམ་རིམ་པའི་འཁྲིད་སྟངས་ཕལ་ཆེར་མ་རེད། བཀའ་གདམས་མན་ངག་པ་བསྡུས་པོ་བྱས་ནས་འཁྲིད་རྒྱུ་ཞིག་རེད་འདུག རྗེ་རིན་པོ་ཆེའི་ལམ་རིམ་ཆེ་ཆུང་དེ་བཀའ་གདམས་ལམ་རིམ་པ་ཟེར་བ་དེ་རེད། གཞུང་ཆེན་མོ་དང་འདྲེས་ནས་གསུང་པ་ཞིག་རེད། གཞུང་ཆེན་སྦྱངས་ནས་ལམ་རིམ་ལ་ཚུར་འདྲེས་ནས་ཉམས་ལེན་བྱ་རྒྱུ་དེ་བཀའ་གདམས་གཞུང་དྲུག་དེ་ཚོའི་ཐོག་ནས་འཆད་སྐབས་བཀའ་གདམས་གཞུང་པ་བ་ཆགས་ཀྱི་ཡོད། དེར་བརྟེན་ང་ཚོས་གཞུང་ཆེན་མོ་ལ་ལྟ་རྒྱུ་དེ་ཧ་ཅང་གལ་ཆེན་པོ་རེད་འདུག ཆོས་དད་ཡོད་མེད་ཇི་ལྟར་ཡང་གོང་དུ་སྲིད་སྐྱོང་གིས་བཤད་པ་ལྟར་ཚད་མ་རིག་པ་བརྗོད་སྐབས་བརྟག་དཔྱད་བྱེད་ཡག་ཡོད། ཁྱབ་དང་མ་ཁྱབ་བསྒྲུབ་ཡོང་སྐབས་གནས་ཚུལ་གང་དང་གང་ཡིན་ཡང་རིགས་པའི་ལམ་ནས་རྩད་གཅོད་བྱས་ནས་བཤད་རྒྱུ་ཡོད་པ་ཞིག་ཡོད།
ནང་པའི་གཞུང་གི་ནང་ནས་གསུང་པའི་སེམས་ཁམས་རིག་པ་དེ་ཧ་ལས་པ་རེད། དེར་བརྟེན་སེམས་ཁམས་རིག་པ་དང་ཚད་མ་རིག་པ་དེ་ཆོས་དད་མེད་མཁན་ཚོར་ཡང་འབྲེལ་བ་ཡོད་པ་དང་ཕན་ཐོགས་ཡོད་པ་རེད། དེར་བརྟེན་སློབ་སྦྱོང་བྱེད་དགོས་པ་ཞིག་ཆགས་ཡོད། གོང་དུ་བཀའ་བློན་ཁྲིད་པས་གསུང་པ་ལྟར་རེད། བཀའ་འགྱུར་བསྟན་འགྱུར་པོ་ཏི་གསུམ་བརྒྱའི་ནང་ལ་བརྗོད་བྱ་སྡེ་ཚན་གསུམ་དུ་ཕྱེ་ནས། ཆོས་ཕྱོགས་སྡེ་ཚན་གཅིག སེམས་ཁམས་རིག་པ་གཙོ་བོར་གྱུར་པའི་ཚན་རིག་གི་སྡེ་ཚན་གཅིག ལྟ་གྲུབ་སྡེ་ཚན་ནང་ཆོས་ཐམས་ཅད་བརྟེན་ནས་བཏགས་པ་རེད། ཅེས་པའི་སྐད་ཆ་དེ་དེང་སྐབས་ཚད་རྡུལ་དངོས་ཁམས་རིག་པའི་རྣམ་གཞག་དང་འགྲོ་སྟངས་གཅིག་པ་རེད། ཚད་རྡུལ་དངོས་ཁམས་རིག་པའི་རྣམ་གཞག་དེ་དེ་ཙམ་ཚད་མཐོན་པོར་སླེབ་མེད། སྔ་མོ་ངོས་ཀྱི་ངོ་ཤེས་རྒྱ་གར་དངོས་ཁམས་རིག་པའི་ཚན་རིག་པ་རཱ་ཇ་ར་མ་ན་ཞུ་བ་ཞིག་ཡོད། ཁོང་གིས་ཚད་རྡུལ་དངོས་ཁམས་རིག་པའི་རྣམ་གཞག་དེ་ནུབ་ཕྱོགས་རྒྱལ་ཁབ་ནང་དུ་གསར་པ་རེད། རྒྱ་གར་ནང་ལོ་ངོ་ ༢༥༠༠ གོང་ནས་ལྟ་གྲུབ་དེ་སླེབས་ཡོད་པ་གསུང་བྱུང་། སྐབས་དེར་ཀླུ་སྒྲུབ་ཀྱི་རྩ་བ་ཤེས་རབ་ཀྱི་ཚིག་གཉིས་ཙམ་ལུང་འདྲེན་གནང་སོང་། དེ་བདེན་པ་རེད།
དེར་བརྟེན་ནང་པའི་ཆོས་དེ་སྨོན་ལམ་རྒྱག་རྒྱུ་ཙམ་མ་རེད། གང་ལྟར་མཐོང་བ་མངོན་གྱུར་ལ་གཏུགས་པའི་ཐོག་ནས་ཅུང་ཟད་ལྐོག་གྱུར་དེ་ཚོ་ཞིབ་ཕྲ་འགྲེལ་བཤད་རྒྱག་རྒྱུ་ཡོད་པ། དེའི་ཐོག་ནས་སྟོན་པ་ཚད་མའི་སྐྱེས་བུ་བསྒྲུབ་ཡག་རེད། སངས་རྒྱས་པའི་ཆོས་འདི་རྒྱུ་མཚན་བཀོད་ནས་འགྲོ་རྒྱུ་རེད། རྩ་བ་ཤེས་རབ་ནང་ལུང་གི་སྒྲུབ་བྱེད་ཏོག་ཙམ་མ་གཏོགས་ཕལ་ཆེ་བ་རིག་པས་བསྒྲུབ་བཞིན་ཡོད། རིག་པ་ཁོ་ནའི་ལམ་ནས་གཞི་ལམ་འབྲས་གསུམ་གྱི་རྣམ་གཞག་བཤད་རྒྱུ་ཡོད་པ་འདི་ནང་པའི་ཆོས་སྤྱི་དང་། ལྷག་པར་དུ་ནཱ་ལེནྜའི་ཆོས་བརྒྱུད་ཁོ་ན་ལས་གཞན་སུ་གང་ལའང་མེད། ནང་པའི་གཞུང་ནས་གསུང་པའི་བརྗོད་བྱ་དེ་དག་ཆོས་ཀྱི་སྡེ་ཚན་གཅིག དེ་མིན་སེམས་ཁམས་རིག་པ་དང་འབྲེལ་ནས་སྤྱིར་སྟངས་ང་ཚོའི་ཤེས་ཡོན་སྡེ་ཚན་ནང་སླེབ་ཐུབ་ཡག་ཏན་ཏན་རེད་འདུག དེང་སྐབས་འཛམ་གླིང་ནང་དགོས་མཁོ་འདུག འཛམ་གླིང་སྟེང་གི་སྡུག་བསྔལ་མང་པོ་ཞིག་ཆགས་སྡང་དབང་གིས་བཟོ་བཞིན་འདུག ཆགས་སྡང་ལ་གཉེན་པོ་ཇི་ལྟར་བསྟེན་དགོས་པ་དེ་སྤྱིར་མུ་སྟེགས་པའི་ཆོས་ནང་དུ་ཡོད། འཚེ་བ་མེད་པའི་ལྟ་བ་དང་། བྱམས་བརྩེ་ཟེར་བ་དེ་དག་ཧ་ཅང་རླབས་ཆེན་པོ་ཡོད། འོན་ཀྱང་ལྟ་གྲུབ་ཐོག་ནས་དེར་རྒྱབ་རྟེན་བཤད་རྒྱུ་དེ་ནཱ་ལེནྜའི་ཆོས་བརྒྱུད་ལྟར་སུ་གཅིག་ཀྱང་མེད། ནང་པའི་ཆོས་བྱེད་བརྗོད་སྐབས་ཡིན་གཅིག་མིན་གཅིག་སྐྱབས་འགྲོ་དང་སྦྲེལ་ནས་འགྲོ་དགོས་པ་གང་ཡང་མི་འདུག ནང་པའི་གཞུང་ནས་གསུང་པའི་སེམས་ཁམས་རིག་པ་དང་ཚད་མ་རིག་པ་དེ་དག་ཤེས་ཡོན་སྡེ་ཚན་ནང་གཞག་ཡག་རེད། ཅེས་སོགས་བཀའ་སློབ་སྩལ་བ་དང་།
གཞན་ཡང་ཀིརྟི་རིན་པོ་ཆེའི་མཛད་རྗེས་ལ་བསྔགས་བརྗོད་མཛད་དོན། ད་བར་རིན་པོ་ཆེས་ཐུགས་ཁུར་ཧ་ཅང་གནང་བྱུང་། ཐུགས་རྗེ་ཆེ་ཟེར་རྒྱུ་ཡིན། གཙོ་ཆེར་བོད་ནང་རིན་པོ་ཆེས་སློབ་དེབ་བཀུར་རྒྱུས་མཚོན་ཐུགས་ཁུར་ཧ་ཅང་བཞེས་སོང་། བཀའ་དྲིན་ཆེ་ཞུ་རྒྱུ་ཡིན། གོང་དུ་སྲིད་སྐྱོང་གིས་གསུང་པ་ལྟར་ང་ཚོས་དུས་རབས་ ༢༡ ནང་པ་བྱེད་དགོས། བརྟག་དཔྱད་བྱས་ནས་འགྲོ་དགོས་པ་རེད། བར་ལམ་རྒྱལ་པོ་ཤུགས་ལྡན་དར་གསོ་ཧ་ཅང་བྱེད་ཡག་དེ་བླ་མས་གསུང་པ་རེད་ཟེར་ནས་བརྟག་དཔྱད་རྩ་བ་ནས་མ་བྱས་པ་རེད། ཕྱོགས་ཡོངས་ཀྱི་གནས་ཚུལ་མ་མཐོང་བ་བྱས། རྨོངས་དད་རེད། ཅི་གསུང་བཀའ་བཞིན་བསྒྲུབས། དད་པ་རྐྱང་རྐྱང་ཐོག་ནས་ཕྱིན་པ་མ་གཏོགས་སྒྲུབ་བྱེད་བསམ་བློ་བཏང་ནས་ཕྱིན་མེད། ཅེས་དང་།
བོད་ནང་རང་ལུས་མེར་སྲེག་དང་འབྲེལ་ནས་བཀའ་སློབ་སྩལ་དོན། ནང་ཆོས་ནས་གསུང་པའི་ཚད་མ་རིག་པ་དང་སེམས་ཁམས་རིག་པའི་རྣམ་གཞག་དག་ཞིབ་ཚགས་པོའི་ཐོག་ནས་འགྲེལ་བཤད་བྱེད་དགོས་ན་བོད་ཡིག་དང་བོད་སྐད་མེད་ན་ཡོང་ཐབས་མེད། དེའི་ཐོག་ནས་བོད་ཡིག་གི་མཐོང་ཞིག་ཀྱང་སླེབ་བཞིན་ཡོད། དེ་དག་ང་ཚོ་བོད་མི་རིགས་ཀྱི་སྐད་ཡིག་རེད། མི་རིགས་ཀྱི་བསམ་བློར་སྤོབས་པ་དང་སེམས་ཤུགས་སླེབ་རྒྱུར་ཡང་ཕན་ཐོགས་ཡོད་པ་ཞིག་རེད། བོད་རྒྱ་ཆེའི་མི་མང་གི་སྙིང་སྟོབས་དེ་སངས་རྒྱས་པའི་ཆོས་དང་སྦྲེལ་ནས་དུས་ད་ལྟ་བར་གནས་ཡོད། བོད་མི་མང་པོ་ཞིག་གིས་གཅེས་པའི་ལུས་སྲོག་ལོངས་སྤྱོད་དང་བཅས་པར་བློས་གཏོང་བྱས་ནས་བོད་སྤྱི་པའི་དོན་དུ་དཀའ་ལས་བརྒྱབ་པ་རེད།
རང་ལུས་མེར་སྲེག་གཏོང་མཁན་ག་ཚོད་བྱུང་སོང་ངམ། ཧ་ལས་པའི་སེམས་ཤུགས་རེད། དེ་ལྟ་བུའི་སེམས་ཤུགས་དང་སྙིང་སྟོབས་ཡོང་བ་དེ་ང་ཚོ་བོད་ཀྱི་རིག་གཞུང་གཏིང་ཟབ་ཅིག་ཡོད་པ་དང་། བོད་པ་རང་གི་སྐད་ཡིག་ཟུར་དུ་ཡོད་པ་དེའི་ཐོག་ནས་སྙིང་སྟོབས་སླེབ་བཞིན་ཡོད། བོད་མི་རིགས་ཀྱི་རང་དབང་གི་འཐབ་རྩོད་དོན་དུ་ཡིན་ནའང་ང་ཚོས་རིག་གཞུང་བསྐྱར་གསོ་བྱ་རྒྱུ་དང་འབྲེལ་བ་ཧ་ཅང་འདུག ཅེས་སོགས་ཀྱི་བཀའ་སློབ་སྩལ་འདུག །