ཕྱི་ལོ་ ༢༠༡༩ ཟླ་ ༡༢ ཚེས་ ༣ རེས་གཟའ་མིག་དམར།
༄༅། །ཕྱི་ལོ་ ༢༠༡༩ ཟླ་ ༡༢ ཚེས་ ༣ ཉིན་བོད་མིའི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་བཞུགས་སྒར་༸རྒྱལ་བའི་ཕོ་བྲང་དུ་ཨ་རི་ཨེར་ལམ་མཐོ་སློབ་ Earlham College ནས་ས་རཱ་མཐོ་སློབ་ཏུ་ཤེས་ཡོན་བརྗེ་ལེན་ཆེད་ཕེབས་མཁན་སློབ་མ་བདུན་དང་། བློ་རྩཱ་རིན་ཆེན་བཟང་པོའི་སྒྲ་སྒྱུར་སྦྱོང་བརྡར་བསྟི་གནས་ཁང་དུ་ལོ་གཉིས་རིང་སྦྱོང་བརྡར་ཆེད་ཕེབས་མཁན་སློབ་མ་བཅུ་བཞི་དང་དགེ་ལས་བཅས་ལ་མཇལ་ཁ་དང་བཀའ་སློབ་སྩལ་འདུག ཐོག་མར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་༸སྐུའི་རླབས་ཆེན་གྱི་མཛད་ཁུར་གཙོ་བོ་བཞིའི་སྐོར་བཀའ་སློབ་སྩལ་དོན།
ཡར་ཐོན་ཟིན་པའི་རྒྱལ་ཁབ་ནང་ཕྱི་དངོས་པོའི་མཐུན་རྐྱེན་འཛུགས་སྐྲུན་དེ་དག་ཡར་རྒྱས་ཧ་ལས་པ་ཡོད། ད་དུང་མིའི་བསམ་བློར་དངངས་སྐྲག་དང་རེ་དོགས། འགྲན་སེམས། རང་དོན་ཁོག་བཅུག་སོགས་བློ་མ་རུང་པ་དེ་དག་གིས་སེམས་མ་སྐྱིད་པ་བཟོ་བཞིན་ཡོད། བདེ་སྐྱིད་ཟེར་བ་དེ་གཙོ་བོ་ནང་གི་བསམ་བློའི་ཐོག་ནས་ཡོང་དགོས། དེར་བརྟེན་བདེ་སྐྱིད་ཡོང་མིན་ནི་སོ་སོར་རག་ལས་པ་རེད། ཅེས་སོགས་དང་། ཆོས་ལུགས་མཐུན་སྒྲིལ་སྐོར་བཀའ་སློབ་སྩལ་དོན།
ངོས་ཀྱིས་ཆོས་ལུགས་ཕན་ཚུན་དབར་འཆམ་མཐུན་གོང་འཕེལ་ཡོང་ཐབས་བྱེད་བཞིན་ཡོད། ཆོས་མིང་ཐོག་ནས་ཕན་ཚུན་འཚེ་བའི་ལས་འགུལ་སྤེལ་རེས་བྱས་པ་ནི་བློ་ཡུལ་ནང་ཤོང་དཀའ་བ་ཞིག་རེད། ཆོས་གཅིག་ཁོ་ན་དང་། བདེན་པ་གཅིག་ཁོ་ན་མ་གཏོགས་མེད་པར་ཡིད་ཆེས་བྱས་པ་ཡིན་ན་མཐོང་རྒྱ་ཆུང་དྲགས་པ་རེད། འཛམ་གླིང་སྤྱིའི་ཐོག་ནས་བསམ་བློ་གཏོང་དང་། ཆོས་ལུགས་མི་འདྲ་བ་ཡོང་ཆོག་པ་དང་། བདེན་པའི་རྣམ་གཞག་གཏན་ལ་འབེབས་སྐབས་མཐོང་ཚུལ་མི་འདྲ་བ་ཡོང་ཆོག རྒྱ་གར་ནང་ཆོས་ལུགས་མཐུན་སྒྲིལ་ཧ་ལས་པ་ཡོད། ཕ་མེས་ནས་དར་བའི་ཆོས་དང་ཕྱི་ནས་དར་བའི་ཆོས་ལུགས་ཕན་ཚུན་དབར་ལོ་ངོ་སྟོང་ཕྲག་རིང་ནས་འཆམ་མཐུན་ཐོག་གནས་ཡོད། དེ་ནི་འཛམ་གླིང་སྤྱི་ལ་མིག་དཔེར་འོས་པ་ཞིག་ཡིན། ཞེས་སོགས་བཀའ་སློབ་སྩལ་འདུག
༸སྐུའི་རླབས་ཆེན་གྱི་མཛད་ཁུར་གསུམ་པའི་སྐོར་བཀའ་སློབ་སྩལ་དོན། གསུམ་པ་དེར་ངོས་རང་བོད་མི་ཞིག་ཡིན། གཞིས་ལུས་རྒྱ་ཆེ་མང་ཚོགས་ཀྱིས་ངོས་ལ་ཡིད་ཆེས་དང་རེ་བ་བཅོལ་བཞིན་ཡོད། སྤྱིར་ངོས་རང་ཕྱི་ལོ་ ༢༠༠༡ ནས་བོད་མིའི་ཆབ་སྲིད་ཀྱི་ལས་འགན་མཚམས་བཞག་ཟིན་པ་རེད། ད་ཆ་མང་གཙོའི་ལམ་ནས་འོས་འདེམས་བྱས་པའི་འགོ་ཁྲིད་ཀྱིས་ཆབ་སྲིད་ལས་འགན་འཁྱེར་བཞིན་ཡོད། ངོས་ཀྱིས་བོད་མཐོ་སྒང་གི་རང་བྱུང་ཁོར་ཡུག་སྲུང་སྐྱོབ་ཐོག་འབད་བརྩོན་བྱེད་བཞིན་ཡོད། བོད་ས་མཐོ་ཞིང་གྲང་ངར་ཆེ་ལ། རླུང་སྐམ་པོ་སོགས་ལ་བརྟེན་ནས་ཁོར་ཡུག་ཉམས་ཆགས་ཚར་གཅིག་ཕྱིན་པ་ཡིན་ན་རང་བཞིན་གྱིས་གསོ་བར་ས་གནས་གཞན་ལས་དུས་ཚོད་མང་བ་འགོར་གྱི་ཡོད་པ་ཚན་རིག་པས་བརྗོད་ཀྱི་ཡོད། དེར་བརྟེན་བོད་མཐོ་སྒང་གི་ཁོར་ཡུག་སྲུང་སྐྱོབ་བྱ་རྒྱུ་ཧ་ཅང་གནད་འགག་ཆེན་པོ་རེད།
དེའི་ཐོག་བོད་ཀྱི་རིག་གཞུང་གསོན་པོར་གནས་ཐབས་ཆེད་འབད་བརྩོན་གང་ཐུབ་བྱེད་བཞིན་ཡོད། རྒྱ་གར་དཔལ་ནཱ་ལེནྜ་ནས་བོད་དུ་སངས་རྒྱས་ཀྱི་བསྟན་པ་དར་ཁྱབ་བྱུང་ཡོད། བཞེད་སྲོལ་དེའི་ནང་འཚེ་མེད་ཞི་བ་དང་། ཞི་གནས། ལྷག་མཐོང་གི་ཉམས་ལེན་དེ་དག་ཡོད། ཅེས་སོགས་བཀའ་སློབ་སྩལ།
དེ་ནས་རླབས་ཆེན་གྱི་མཛད་ཁུར་བཞི་པའི་སྐོར་བཀའ་སློབ་སྩལ་དོན། ངོས་ཀྱི་ལས་འགན་བཞི་པ་ནི། རྒྱ་གར་ནང་དུ་དེ་སྔ་དཔལ་ནཱ་ལེནྜ་ནས་དར་བའི་རིག་གནས་དེ་དག་ད་ཆ་རྒྱ་གར་རང་གི་ནང་དུ་དར་འཕེལ་ཡོང་ཐབས་བྱ་རྒྱུ་དེ་ཡིན། རྒྱ་གར་གནའ་རབས་སེམས་ཁམས་རིག་པའི་ལྟ་གྲུབ་ནང་ཞི་གནས་དང་ལྷག་མཐོང་ཉམས་བཞེས་ཡོད་པ་རེད། རིག་གནས་དེ་དག་དེང་དུས་སྤྱི་ཚོགས་ནང་དགོས་མཁོ་ཧ་ཅང་ཡོད་སྟབས་རྒྱ་གར་ནང་བར་ལམ་ཉམས་ཆགས་ཕྱིན་ཡོད། དེར་བརྟེན་ངོས་ཀྱིས་རྒྱ་གར་སྲོལ་རྒྱུན་དཔལ་ནཱ་ལེནྜ་ནས་དར་བའི་ཚད་མ་རིག་པ་དང་སེམས་ཁམས་རིག་པའི་རྣམ་གཞག་དེ་དག་བསྐྱར་དར་ཡོང་ཐབས་ཆེད་འབད་བརྩོན་བྱེད་བཞིན་ཡོད། ཅེས་སོགས་ཀྱི་བཀའ་སློབ་སྩལ་རྗེས་དྲི་བ་རྣམས་ལ་བཀའ་ལན་སྩལ་འདུག །