༢༠༡༩ ཟླ་ ༡༢ ཚེས་ ༡༡ རེས་གཟའ་ལྷག་པ།
༄༅། །སུད་སི་དགུན་དུས་གྲོས་ཚོགས་ལས་རིམ་དང་སྟབས་བསྟུན་ཡུལ་དེའི་གྲོས་ཚོགས་བོད་དོན་རྒྱབ་སྐྱོར་ཚོགས་པའི་ཚོགས་མི་རྣམས་བོད་དོན་རྒྱབ་སྐྱོར་གྱི་ལྷན་ཚོགས་ཤིག་ཚོགས་འདུག སྐསབ་དེར་བོད་མིའི་སྒྲིག་འཛུགས་ཀྱི་དབུ་མའི་ལམ་གྱི་སྲིད་བྱུས་དང་། རྒྱ་ནག་དམར་པོའི་སྲིད་གཞུང་གིས་བོད་རྒྱུད་ནང་བསྟན་གྱི་བླ་སྤྲུལ་རྩད་གཅོད་ལམ་སྲོལ་སྤྱི་དང་། ལྷག་པར་༸རྒྱལ་བའི་ཡང་སྲིད་ཀྱི་ལམ་ལུགས་ལ་ཐེ་བྱས་དང་བྱེད་མུས་ལ་སྐྱོན་བརྗོད་དང་། བོད་ནང་དུ་རྒྱ་ནག་གཞུང་གིས་རིག་གསར་འཕྲུལ་ཆས་བཀོལ་སྤྱོད་འོག བོད་མིའི་འགྲོ་འདུག་སྤྱོད་གསུམ་ལ་སོ་ལྟ་བྱས་པ་དང་།
ཕྱི་ལོ་ ༢༠༡༨ ལོར་ཨ་རིའི་གཞུང་གིས་བོད་ནང་ཕར་འགྲོ་ཚུར་འོང་གི་ཐོབ་ཐང་འདྲ་མཉམ་དགོས་པའི་ཁྲིམས་འཆར་ཁྲིམས་མཐུན་གཏན་འབེབས་གནང་བའི་སྐོར་སོགས་བོད་དོན་རྒྱབ་སྐྱོར་གྱི་གྲོས་ཆོད་ཇི་དགེ་སུད་སི་གྲོས་ཚོགས་ནང་ཞུ་གཏུག་སྤེལ་དགོས་པའི་སྐོར་གོ་བསྡུར་ལྷུག་པོ་གནང་འདུག
ལྷག་པར་སུད་སི་གྲོས་ཚོགས་འཐུས་མིའི་བོད་དོན་རྒྱབ་སྐྱོར་ཚོགས་པའི་ཚོགས་གཞོན་དུ་གྲོས་ཚོགས་འཐུས་མི་ཕེ་བྷི་ཡེན་མོ་ལི་ན་Fabian Molinaམཆོག་དང་། ནིག་གུ་གར་Nik Gugger མཆོག་གཉིས་བདམས་ཐོན་བྱུང་བྱུང་བ་དང་། ཁོང་གཉིས་ཀྱིས་འདི་ལོའི་ཕྱི་ཟླ་ ༡༢ ནས་ལོ་བཞིའི་རིང་སུད་སི་གྲོས་ཚོགས་བོད་དོན་རྒྱབ་སྐྱོར་ཚོགས་པའི་ཚོགས་གཞོན་གྱི་འགན་ཁུར་བཞེས་གཏན་འཁེལ་འདུག
ལྷན་ཚོགས་སྐབས་སྐུ་ཚབ་དོན་གཅོད་འཆི་མེད་རིག་འཛིན་ལགས་དང་ཡུ་རོབ་སྤྱི་འཐུས་ཟམ་མདོ་བྱམས་པ་ཚེ་རིང་ལགས། དོན་ཁང་གི་ལས་བྱེད་སྐལ་ལྡན་མཚོ་མོ་ལགས། སུད་བོད་མཐུན་ཚོགས་ཀྱི་ཚོགས་གཙོ་སྦྲེལ་པོ་ཐོ་མ་སི་བྷུ་ཆི་ལི་ལགས་དང་། ལྷ་དབང་ནོར་ཁང་གསར་བཅས་ཕེབས་འདུག ཚོགས་འདུའི་གཙོ་སྐྱོང་གནང་མཁན་སྐུ་ཞབས་པྲི་སི་ཀ་བྷི་ཡ་རེ་ཧེ་མོ་Prisca Birrer-Heimo མཆོག་དང་། ཚོགས་ཞུགས་བ་གྲོས་ཚོགས་འཐུས་མི་Nik Gugger མཆོག་དང་། གྲོས་ཚོགས་འཐུས་མི་ལྕམ་སྐུ་བྷར་བྷ་ར་གི་སི་ Barbara Gysi མཆོག དེ་བཞིན་གྲོས་ཚོགས་འཐུས་མི་ Stefan Müller-Altermatt མཆོག གྲོས་ཚོགས་འཐུས་མི་མར་ཊི་ན་མུན་ཛི་ Martina Munz མཆོག གྲོས་ཚོགས་འཐུས་མི་མ་རི་ཡ་ནེ་Marianne Streiff-Feller མཆོག་བཅས་ཡིན་འདུག