༢༠༡༩ ཟླ་ ༡༢ ཚེས་ ༡༧ རེས་གཟའ་མིག་དམར།
༄༅། །ཕྱི་ལོ་ ༢༠༡༩ ཟླ་ ༡༢ ཚེས་ ༡༠ ཉིན་ལི་ཐུ་ཝེ་ནི་ཡའི་ Lithuania ཡུལ་གྱི་གྲོས་ཚོགས་འཐུས་མི་སུམ་ཅུས་རྒྱ་ནག་གི་སྲིད་འཛིན་ཞི་ཅིན་པིང་ལ་འབོད་སྐུལ་ཞུ་ཡིག་གཅིག་ཕུལ་འདུག་ཅིང་། གྲོས་ཚོགས་འཐུས་མི་དེ་དག་ཁོངས་ནས་སྐུ་ཞབས་མན་ཊ་སི་ཨ་ཌོ་མེ་ན་སི་Mantas Adomenas མཆོག་ནི་ལི་ཐུ་ཝེ་ནི་ཡའི་ཡུལ་གྱི་ཡུ་རོབ་གྲོས་ཚོགས་འཐུས་མི་ཡིན་འདུག དེ་ཡང་འབོད་སྐུལ་ཞུ་ཡིག་དེའི་ནང་དུ། རྒྱ་ནག་གཞུང་གིས་མི་རིགས་དང་ཆོས་ལུགས་གྲངས་ཉུང་འོག་རྩི་བཞིན་པའི་མི་མང་ཐོག་ལ་དམ་བསྒྲགས་སུན་གཙེར་བཟོ་མཚམས་བཞག་དགོས་པ་མ་ཟད། ལྷག་པར་རྒྱ་ནག་གུང་ཁྲན་ཏང་གིས་བོད་ཀྱི་ཆོས་དང་རིག་གཞུང་དེ་དག་གུང་ཁྲན་ལམ་ལུགས་ཕྱོགས་སུ་བསྒྱུར་རྒྱུ་ཡིན་ཟེར་ནས་བཙན་དབང་འོག་བོད་ཡུལ་རྒྱ་ཡུལ་དུ་སྒྱུར་རྒྱུའི་སྲིད་བྱུས་དེ་དག་ལ་སེམས་འཚབ་ཧ་ཅང་ཡོད་པ་གསུང་འདུག
ཆོས་དད་ལས་གུང་ཁྲན་ལམ་ལུགས་གཙིགས་ཆེར་འཛིན་དགོས་པ་དང་། མི་སྒེར་གྱི་བསམ་བློའི་རང་དབང་བློས་གཏོང་བྱས་ནས་གུང་ཁྲན་རིང་ལུགས་ལ་བློ་གཏད་བྱེད་དགོས་པ་ཡིན་སྟབས། ཆོས་དད་རང་དབང་ལ་བརྡལ་བཤིག་བཏང་བ་དང་། སྒེར་གྱི་བསམ་ཚུལ་འཛིན་རྒྱུ་དང་བཤད་རྒྱུའི་རང་དབང་དོར་ནས་གུང་ཁྲན་རིང་ལུགས་འོག་གཤར་སྐྱོད་བྱེད་དགོས་ན་གཞི་རྩའི་འགྲོ་བ་མིའི་ཐོབ་ཐང་བརྡལ་བཤིག་བཏང་བ་ཞིག་ཅི་ལ་མིན། ཞེས་འཁོད་འདུག
བོད་དོན་སྐོར་འཁོད་དོན། རྒྱ་ནག་གཞུང་གིས་མུ་མཐུད་བོད་མི་རིགས་རིག་གཞུང་སྐད་ཡིག་དང་བཅས་པར་བརྩི་མེད་རྡོག་རོལ་བཏང་བ་དེ་ནི་བོད་མིའི་ཐུན་མིན་ཆོས་དད་ཙམ་མ་ཟད། ཐུན་མིན་མི་རིགས་ཀྱི་ངོ་བོ་དང་སྤྱི་ཚོགས་ཀྱི་དཔལ་ཡོན་རྩ་མེད་བཟོ་ཐབས་བྱེད་པ་ཞིག་རེད། ཅེས་འཁོད་འདུག