ཕྱི་ལོ་ ༢༠༡༩ ཟླ་ ༡༢ ཚེས་ ༢༡ རེས་གཟའ་སྤེན་པ།
༄༅། །འདི་གའི་ཆེད་གཉེར་གསར་འགོད་པ་ཡེ་ཤེས་ཀུན་གྲགས་ལགས་ཀྱིས་ས་གནས་ནས་བཏང་གནས་ནང་འཁོད་དོན། ཕྱི་ལོ་ ༢༠༡༩ ཟླ་ ༡༢ ཚེས་ ༢༡ རེས་གཟའ་སྤེན་པ་ཉིན་མོན་གྷོ་འདོད་རྒུ་གླིང་བོད་མིའི་གཞིས་ཆགས་སུ་རྟེན་གཞི་བྱས་པའི་དགའ་ལྡན་མ་དགོན་ཆེན་པོ་དགའ་ལྡན་བླ་སྤྱི་རུ་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་དབུ་བཞུགས་ཐོག་རྗེ་ཙོང་ཁ་པ་ཆེན་པོའི་གདན་ས་དགའ་ལྡན་རྣམ་པར་རྒྱལ་བའི་གླིང་གི་ཚོགས་ཆེན་གྱི་གོ་སྒྲིག་འོག་དགའ་ལྡན་ལྔ་མཆོད་ཆེན་མོའི་མཛད་སྒོར་བོད་མིའི་སྒྲིག་འཛུགས་ཀྱི་དཔལ་ལྡན་སྲིད་སྐྱོང་བློ་བཟང་སེངྒེ་མཆོག་གིས་གསུང་བཤད་གནང་དོན། དཔལ་མཉམ་མེད་རི་བོ་དགེ་ལྡན་པའི་བསྟན་པའི་སྲོལ་འབྱེད་རྗེ་ཙོང་ཁ་པ་ཆེན་པོའི་མཛད་རྣམ་སྐོར་གོང་དུ་མཁན་རིན་པོ་ཆེ་མཆོག་དང་། དཔལ་ལྡན་བོད་མི་མང་སྤྱི་འཐུས་ཚོགས་གཙོ་བཅས་ནས་གསུངས་གྲུབ་པ་དེ་དག་ལ་མོས་མཐུན་ཡོད་ཅེས་ཞུ་རྒྱུ་དང་འབྲེལ་དེ་རིང་གི་མཛད་སྒོ་དང་བསྟུན་རྒྱལ་སྤྱིའི་མཁས་པའི་བགྲོ་གླེང་དང་། ལྷག་པར་དེ་རིང་ནི་དགའ་ལྡན་ལྔ་མཆོད་རེད། ང་རང་སྒེར་ལ་མཚོན་ན། རྗེ་ཙོང་ཁ་པ་ཆེན་པོའི་གདན་ས་དགའ་ལྡན་རྣམ་པར་རྒྱལ་བའི་གླིང་དུ་བཅར་རྒྱུ་བྱུང་བ་དང་། དགའ་ལྡན་ལྔ་མཆོད་ཀྱི་མཛད་སྒོར་མཉམ་ཞུགས་བྱ་རྒྱུའི་གོ་སྐབས་ཐོབ་པ་ནི་ཧ་ཅང་སྐལ་པ་བཟང་པོ་ཡིན་བསམ་གྱི་འདུག
སྤྱིར་རྗེ་ཙོང་པ་ཆེན་པོའི་མཛད་འཕྲིན་ནི་ཧ་ཅང་རླབས་ཆེན་རེད། རྗེ་ཙོང་ཁ་པ་ཆེན་པོའི་ཐུགས་རྗེ་བཀའ་དྲིན་ལ་བརྟེན་ནས་བོད་ནང་གདན་ས་ཆེན་པོ་གསུམ་གཙོ་བོར་གྱུར་པའི་བོད་བརྒྱུད་ནང་བསྟན་འདི་ཉིད་གསར་གཏོད་དང་གོང་འཕེལ་བཏང་ཐུབ་པ་བྱུང་ཡོད། ཕྱིས་སུ་རྒྱ་ནག་དམར་པོའི་གཞུང་གིས་བོད་ནང་དགོན་སྡེ་གྲྭ་ཚང་ཁག་དེ་དག་རྩ་མེད་གཏོར་བཤིག་བཏང་ཡོད་ཀྱང་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་ཐུགས་རྗེ་བཀའ་དྲིན་དང་། སྦག་ས་ཆོས་སྒར་གྱི་དགེ་འདུན་པ་རྣམས་ཀྱིས་སྐུ་ལས་བསྐྱོན་པའི་བཀའ་དྲིན་ལ་བརྟེན་ནས་ད་ཆ་བཙན་བྱོལ་ནང་ང་ཚོའི་གདན་ས་ཁག་གིས་གཙོས་བོད་བརྒྱུད་ནང་བསྟན་གྱི་དགོན་སྡེ་ཁག་མང་ཆེ་བ་སླར་གསོ་གནང་ཐུབ་པ་ནི། རྗེ་བདག་ཉིད་ཆེན་པོའི་མཛད་པ་མཐའ་ཡས་པ་འདི་ཉིད་མུ་མཐུད་གནས་ཐུབ་པ་དང་གོང་འཕེལ་བཏང་ཐུབ་པ་མཚོན་གྱི་ཡོད།
ད་རེས་འཇམ་མགོན་བླ་མ་ཙོང་ཁ་པ་ཆེན་པོ་དགོངས་པ་གཞན་དོན་དུ་གཤེགས་ཏེ་མི་ལོ་ ༦༠༠ ཧྲིལ་པོ་འཁོར་གྱི་ཡོད། དཔལ་ནཱ་ལེནྡའི་གཙུག་ལག་སློབ་གཉེར་ཁང་ནི། ཕྱི་ལོ་བརྒྱ་ཕྲག་ལྔ་པའི་ནང་བྱུང་བ་དང་། ལོ་ངོ་སྟོང་ཕྲག་རིང་གནས་ཐུབ་ཡོད་པ་ལྟར། བོད་བརྒྱུད་ནང་བསྟན་འདི་ཉིད་ལོ་ངོ་སྟོང་ཕྲག་རིང་གནས་ཐུབ་བམ། ཞེས་དྲི་བ་རང་བཞིན་གྱིས་སླེབ་བཞིན་ཡོད། ངས་དུས་རྟག་ཏུ་བོད་བརྒྱུད་ནང་བསྟན་འདི་ཉིད་དུས་རབས་འདིར་ཧ་ཅང་དགོས་མཁོ་ཆེ་བའི་ཆོས་ཤིག་རེད་འདུག་ཅེས་བསམ་བཞིན་ཡོད། བོད་བརྒྱུད་ནང་བསྟན་ནི་ཚན་རིག་དང་མཐུན་ཞིང་། སྤྱི་ཚོགས་དང་ཁོར་ཡུག་སྲུང་སྐྱོབ། ཆབ་སྲིད། དཔལ་འབྱོར། འགོ་ཁྲིད་སྐྱེད་སྲིང་སོགས་དང་མཐུན་པའི་རླབས་ཆེན་གྱི་ཆོས་ཤིག་ཡིན་པ་ཧ་ཅང་གསལ་པོ་རེད།
ནང་པའི་ཆོས་འདི་འཛམ་གླིང་ཡོངས་ལ་ཁྱབ་པ་ཙམ་དུ་མ་ཟད། དུས་རབས་ ༩ བར་ཨེ་ཤི་ཡའི་ཡུལ་གྲུ་ཡོངས་རྫོགས་ནང་ཆོས་ཉམས་ལེན་བྱེད་མཁན་ཆགས་ཡོད། འོན་ཀྱང་དུས་རབས་ ༡༣ རྗེས་ཨེ་ཤི་ཡའི་ནང་དུ་ནང་ཆོས་ཉམས་པའམ་གཏོར་བཤིག་བཏང་བ་རེད་ཟེར་ནའང་རེད། ནང་ཆོས་ཉམས་ལེན་བྱེད་མཁན་ཉུང་དུ་ཕྱིན་པ་དང་ཁ་ཆེ་གཙོས་པའི་ཆོས་ལུགས་གཞན་བྱེད་མཁན་མང་དུ་ཕྱིན་ཡོད། ད་ལྟའི་འཛམ་གླིང་གནས་སྟངས་གང་ཆགས་འདུག་ཅེ་ན། ཡུ་རོབ་ལྟ་བུ་ཡིན་ན། མི་དམངས་ལ་ཆོས་ཁས་ལེན་མཁན་ཡིན་ནམ་མི་བྱེད་མཁན་ཞེས་སྐད་ཆ་འདྲི་བའི་སྐབས་ཆོས་མི་བྱེད་མཁན་ཡིན་ཟེར་མཁན་གྱི་མི་འབོར་མང་བ་འདུག ཨ་རིར་ཡིན་ནའང་ཆོས་ལུགས་ཁག་གི་ནང་ནས་ཡི་ཤུའི་ཆོས་ལུགས་གསར་མ་མང་ཤོས་རེད་དེ་མི་འབོར་མང་ཤོས་གཉིས་པ་ནི་ཆོས་མེད་མཁན་རེད་འདུག
འཛམ་གླིང་ནང་ཆོས་ཁས་མི་ལེན་མཁན་མང་དུ་འགྲོ་བཞིན་ཡོད་སྟབས། དེ་དང་མཐུན་པའི་ཆོས་ཤིག་དགོས་ཀྱི་ཡོད་པ་དེ་ནི་བོད་བརྒྱུད་ནང་བསྟན་རེད་འདུག གང་ཡིན་ཞེ་ན་འཛམ་གླིང་ནང་ནད་རིགས་འདྲ་མིན་ཡོད་པའི་ནང་ནས་སེམས་ཀྱི་ན་ཚ་ནི་ན་ཚ་ཆེ་ཤོས་རེད། ན་ཚ་དེ་བཅོས་ཐབས་སུ་བོད་བརྒྱུད་ནང་བསྟན་ནས་བསླབ་བྱ་བླང་རྒྱུ་ཡོད། འཛམ་གླིང་ཁོར་ཡུག་སྲུང་སྐྱོབ་སླད་བགྲོ་གླེང་ཤུགས་ཆེན་པོ་འགྲོ་བཞིན་ཡོད། དེའི་སྐོར་བོད་བརྒྱུད་ནང་བསྟན་ནང་སློབ་གསོ་གཏིང་གཟབ་མོ་ཡོད། དེ་བཞིན་དཔལ་འབྱོར་ཐོག་ནས་ཡིན་ནའང་ཁེ་བཟང་བཟའ་རྒྱུའི་ཆེད་མ་རེད། མང་ཚོགས་ཀྱི་ཁེ་ཕན་སླད་དཔལ་འབྱོར་ཡར་རྒྱས་གཏོང་དགོས་པའི་ལྟ་བ་འཁྱེར་མཁན་ནི་བོད་བརྒྱུད་ནང་བསྟན་ནང་སློབ་གསོ་བླང་རྒྱུ་ཡོད་པའི་རླབས་ཆེན་གྱི་ཆོས་ཤིག་རེད་འདུག དེར་བརྟེན་དེང་སྐབས་འཛམ་གླིང་ཡོངས་ལ་ཕན་ཐོགས་ཐུབ་པའི་ཆོས་ནི་བོད་བརྒྱུད་ནང་བསྟན་རེད་འདུག ཅེས་སོགས་ཀྱི་གསུང་བཤད་གནང་།