༢༠༡༩ ཟླ་ ༡༢ ཚེས་ ༩ རེས་གཟའ་ཟླ་བ།
༄༅། །བོད་མིའི་སྐུ་ཚབ་ཚོས་སི་པེན་Spain གྱི་གྲོང་ཁྱེར་མེཌ་རིཌ་Madridནང་རྒྱལ་སྤྱིའི་ཁོར་ཡུག་ལྷན་ཚོགས་ཐེངས་ ༢༥ COP25 དང་བསྟུན་བོད་ཀྱི་ཁོར་ཡུག་གོ་རྟོགས་ལས་འགུལ་ཤུགས་ཆེ་སྤེལ་འདུག ལྷན་ཚོགས་སྐབས་རྒྱལ་སྤྱིའི་ཁྱོན་ནས་ཚོགས་བཅར་བ་མི་གྲངས་ ༢༠,༠༠༠ ཕེབས་ཡོད་པ་དང་། དེ་ཁོངས་ཁོར་ཡུག་སྐོར་གྱི་མཁས་དབང་དང་ཆེད་ལས་མི་སྣ། ཁོར་ཡུག་སྲུང་སྐྱོབ་པ། གཞུང་འབྲེལ་སྐུ་ཚབ་འཐུས་མི། གཞུང་འབྲེལ་མིན་པའི་སྐུ་ཚབ་འཐུས་མི་སོགས་ཡོད་འདུག སྐབས་དེར་ཕྱི་དྲིལ་བོད་ཀྱི་སྲིད་བྱུས་ཉམས་ཞིབ་ཁང་གི་ཁོར་ཡུག་ཉམས་ཞིབ་པ་འཛམ་ལྷ་བསྟན་པ་རྒྱལ་མཚན་ལགས་དང་བདེ་ཆེན་དཔལ་མོ་ལགས་གཉིས་ཀྱིས་སྣེ་ཁྲིད་ནས་རྒྱལ་ཁབ་མི་འདྲ་བ་ ༢༥ ཚོགས་བཅར་བར་བཅར་ནས་བོད་མཐོ་སྒང་གི་ཁོར་ཡུག་སྲུང་སྐྱོབ་དགོས་པའི་གལ་གནད་ཡིག་ཆ་འགྲེམས་སྤེལ་གནང་བ་མ་ཟད།
ཚོགས་མི་དེ་དག་ལ་ལྷན་ཚོགས་སྐབས་བོད་མཐོ་སྒང་གི་ཁོར་ཡུག་སྲུང་སྐྱོབ་དགོས་གལ་སྐོར་ངེས་པར་གླེང་སློང་ཤུགས་ཆེ་གནང་དགོས་པ་མ་ཟད། ཚོགས་འདུའི་བརྗོད་གཞི་སྙིང་པོའི་གྲས་སུ་གཞག་རོགས་ཞེས་ཡིག་ངག་གཉིས་ཐོག་ནས་འབོད་སྐུལ་ཤུགས་ཆེ་ཞུས་འདུག བོད་མིའི་སྐུ་ཚབ་ཁོངས་སུ་ཨོ་གླིང་སྤྱི་འཐུས་སྐྱིད་འཛོམས་གདོང་འདུད་ལགས་དང་འཇར་མན་ནིར་རྟེན་གཞི་བྱས་པའི་རྒྱལ་སྤྱིའི་བོད་དོན་ལས་འགུལ་ཁང་གི་སྐུ་ཞབས་ཀ་ཡི་མུ་ལར་ Kai Muller ལགས་ཕེབས་འདུག
ཕྱོགས་མཚུངས་སི་པེན་ནང་བཅའ་བཞུགས་སྐུ་ཞབས་ཐུབ་བསྟན་དབང་ཆེན་ལགས་ཀྱིས་སྣེ་ཁྲིད་འོག་བོད་ཁང་དང་། བོད་བརྒྱུད་ནང་བསྟན་གྱི་ཆོས་ཚོགས་ཆོས་འཁོར་གླིང་དང་། ཐུབ་བསྟན་དར་རྒྱས་གླིང་བཅས་ཀྱི་སྐུ་ཚབ་རྣམ་པས་ལྷན་ཚོགས་ཚུགས་ཡུལ་དུ་ཕེབས་ནས་ཡིག་ངག་གཉིས་ཐོག་ནས་བོད་ཀྱི་ཁོར་ཡུག་གལ་གནད་ཇི་ཙམ་ཆེ་བའི་སྐོར་སྐད་ཡིག་འདྲ་མིན་ནང་ཡིག་ཆ་སོགས་འགྲེམས་སྤེལ་གནང་འདུག དེར་བརྟེན་ཚོགས་བཅར་བ་ཙམ་མ་ཟད། གསར་འགོད་པ་སོགས་ནས་ཀྱང་བོད་མིའི་སྐུ་ཚབ་ཚོའི་བོད་མཐོ་སྒང་གི་ཁོར་ཡུག་གལ་གནད་སྐོར་ཞུ་གཏུགས་ཀྱི་ལས་འགུལ་ཐོག་དོ་སྣང་ཤུགས་ཆེ་གནང་བ་བྱུང་འདུག
ལྷག་པར་ཕྱི་ཟླ་ ༡༢ ཚེས་ ༦ ཉིན་སུ་ཝི་ཌེན་གྱི་ཁོར་ཡུག་སྲུང་སྐྱོབ་ལས་འགུལ་བ་གྲགས་ཅན་བུད་མེད་གེ་རེ་ཏ་ཐུན་བྷེག་Greta Thunberg ལགས་ཀྱིས་སྣེ་ཁྲིད་པའི་ཁོར་ཡུགསྲུང་སྐྱོབ་ཀྱི་ཞི་བའི་གོམ་བགྲོད་ཀྱི་ལས་འགུལ་ནང་བོད་མིའི་སྐུ་ཚབ་ཚོས་མཉམ་ཞུགས་གནང་འདུག སྐབས་དེར་བོད་མིའི་སྐུ་ཚབ་འཐུས་མི་རྣམ་པས་ལག་ཏུ་བོད་ཀྱི་རྒྱལ་དར་དང་བོད་མཐོ་སྒང་འཛམ་གླིང་གི་སྣེ་མོ་གསུམ་པ་སོགས་འཁོད་པའི་འཕྲེད་དར་དང་། ལྷག་པར་སྤྱི་ནོར་༸གོང་ས་༸སྐྱསབ་མགོན་ཆེན་པོ་མཆོག་གིས་གོ་ལའི་ཁོར་ཡུག་དེ་འཛམ་གླིང་ས་ཁུལ་བྱེ་བྲག་པ་ཙམ་མིན་པར་གོ་ལ་སྤྱི་ཡོངས་ལ་ཤུགས་རྐྱེན་འཐེབ་བཞིན་པའི་བཀའ་སློབ་ཚན་པ་གཅིག་བཀོད་པ་དེ་དག་བསྣམས་པར་བརྟེན་མང་ཚོགས་རྣམས་ནས་ཀྱང་དོ་སྣང་ཆེན་པོ་གནང་འདུག
ཕྱི་ཚེས་ ༧ ཉིན་མེཌ་རིཌ་གྲགས་ཅན་ཚོགས་ཁང་Ateneo de Madrid ཞེས་པའི་ནང་བོད་མཐོ་སྒང་གི་ཁོར་ཡུག་གི་གལ་གནད་སྐོར་བགྲོ་གླེང་ལྷན་ཚོགས་ཐེངས་གཉིས་པ་དེ་བསྐྱངས་འདུག ལྷན་ཚོགས་གོ་སྒྲིག་གནང་མཁན་བོད་ཀྱི་སྲིད་བྱུས་ཉམས་ཞིབ་ཁང་དང་སི་པེན་བོད་ཁང་ཐུན་མོང་ཡིན་འདུག
.