༢༠༡༩ ཟླ་ ༡༢ ཚེས་ ༡༧ རེས་གཟའ་མིག་དམར།
༄༅། །ཁེ་ན་ཌའི་གྲོས་ཚོགས་ནང་ཕྱོགས་འགལ་ཚོགས་མི་སྐུ་ཞབས་གར་ནེ་ཌི་ཇི་ན་སི་Garnett Genius མཆོག་གིས་ཁེ་ན་ཌའི་གཞུང་འཛིན་ཚོགས་པས་རྒྱ་ནག་གཞུང་ལ་ཧ་ཅང་བསྟུན་མཁས་ཆེ་དྲགས་པའི་སྲིད་བྱུས་ལག་བསྟར་བྱེད་བཞིན་པ་དེར་སྐྱོན་བརྗོད་ཤུགས་ཆེ་གནང་འདུག དེ་ཡང་ཁོང་ནི་ཁེ་ན་ཌའི་ Sherwood Park-Fort Saskatchewan ས་ཁུལ་ནས་ཡིན་ཞིང་། ཁོང་གིས་གྲོས་ཚོགས་ནང་ད་ལྟའི་ཁེ་ན་ཌའི་སྲིད་གཞུང་གིས་རྒྱ་ནག་ཐོག་འཛིན་བཞིན་པའི་སྲིད་བྱུས་དེ་ནི་གཅིག་བསྡུས་དབང་འཛིན་ལ་རྒྱལ་ཁ་སྦྱིན་བཞིན་པར་བརྟེན། དམིགས་བསལ་ཚོགས་ཆུང་ཞིག་ཟུར་འཛུགས་དགོས་པ་དང་། ཚོགས་ཆུང་དེས་ཁེ་ན་ཌ་དང་རྒྱ་ནག་ཡུལ་གཉིས་དབར་གྱི་འབྲེལ་ལམ་དེར་ཞིབ་འཇུག་ངེས་པར་གནང་དགོས་པའི་འབོད་སྐུལ་ཤུགས་ཆེ་གནང་དོན།
རྒྱལ་སྤྱིའི་སྡིངས་སྟེངས་འགྲོ་བ་མིའི་ཐོབ་ཐང་སྲུང་སྐྱོབ་ཆེད་ཁེ་ན་ཌའི་སྲིད་གཞུང་གིས་སྐད་ཤུགས་ཆེ་ཙམ་སྐྱོན་ཐུབ་རྒྱུ་རེད། ལྷག་པར་དེང་སྐབས་རྒྱ་ནག་གཞུང་གིས་རྒྱལ་སྤྱིའི་ཁྱོན་དུ་དཔུང་ཤུགས་ངོམ་ནས་འགྲོ་བ་མིའི་ཐོབ་ཐང་ལ་བརྩི་མེད་རྡོག་རོལ་གཏོང་བཞིན་པ་དེར་གདོང་ལེན་ཤུགས་ཆེ་ཙམ་གནང་དགོས། དེང་སྐབས་རྒྱ་ནག་གཞུང་གིས་སོ་ལྟའི་པར་ཆས་དང་རིག་གསར་འཕྲུལ་ཆས་ལ་བརྟེན་ནས་འགྲོ་བ་མིའི་གཞི་རྩའི་འགྲོ་འདུག་སྤྱོད་གསུམ་གྱི་ཐོབ་ཐང་ལ་དམ་བསྒྲགས་ཇེ་ཆེར་གཏོང་བཞིན་ཡོད།
བྱེད་སྟངས་དེ་ནི་ཨིན་ཇིའི་རྩོམ་པ་པོ་ཇོར་ཇི་ཨོར་ཝེལ་ Geroge Orwell གྱིས་རྩོམ་ཡིག་ནང་འཁོད་པའི་གཅིག་བསྡུས་དབང་འཛིན་པའི་རྣམ་པ་དང་ཕྱོགས་འདྲ་བ་ཞིག་ཡིན། དེ་འདྲའི་ལམ་ལུགས་དར་འཕེལ་གཏོང་རྒྱུ་དེ་ཁེ་ན་ཌའི་མི་སེར་གྱི་མངོན་འདོད་ཞིག་རྩ་བ་ནས་མིན་པ་མ་ཟད། མི་སུ་འདྲ་ཞིག་གིས་ཀྱང་ལམ་སྲོལ་དེ་འདྲ་ཞིག་དར་འཕེལ་གཏོང་ཐབས་ནམ་ཡང་བྱེད་ཀྱི་མ་རེད། དེར་བརྟེན་ང་ཚོས་རྒྱ་ནག་གི་གཅིག་བསྡུས་དབང་འཛིན་རིང་ལུགས་ལ་ངེས་པར་གདོང་ལེན་བྱེད་དགོས། ཞེས་དང་། ལྷག་པར་རྒྱ་ནག་གཞུང་གིས་བོད་དང་ཤར་ཏུར་ཀི་སི་ཐན། ཧོང་ཀོང་བཅས་ནང་འགྲོ་བ་མིའི་ཐོབ་ཐང་ལ་བརྡལ་བཤིག་ཚབས་ཆེ་བཏང་དང་གཏོང་བཞིན་ཡོད་སྟབས། དམིགས་བསལ་ཚོགས་ཆུང་ཞིག་བཙུགས་ནས་རྒྱ་ནག་གཞུང་གི་བྱེད་བབ་དེར་རྟོག་ཞིབ་ངེས་པར་བྱེད་དགོས་པ་གསུངས།
རྒྱ་ནག་གཞུང་གིས་གཉེར་བའི་རིག་གསར་སོ་ལྟའི་པར་ཆས་བཟོ་ལས་ཁང་Hikvision གི་ཚོང་འབྲེལ་ནང་ཁེ་ན་ཌའི་གཞུང་གིས་མ་འཛུགས་ལས་གཞི་སྤེལ་བཞིན་ཡོད། དེར་ཁོང་གིས་སྐྱོན་བརྗོད་ཤུགས་ཆེ་གནང་འདུག བཟོ་ལས་ཁང་Hikvision ཞེས་པ་དེས་འཛམ་གླིང་ནང་སོ་ལྟའི་པར་ཆས་འཚོང་མཁན་ཆེ་ཤོས་ཡིན་པ་དང་། རྒྱ་ནག་དམར་པོའི་སྲིད་གཞུང་གིས་བཟོ་ལས་ཁང་Hikvision དེ་བརྒྱུད་དམག་དོན་རྒྱ་སྐྱེད་དང་། ལྷག་པར་ཡུ་གུར་མི་མང་ཚོར་དམ་བསྒྲགས་ཧ་ཅང་བྱེད་བཞིན་ཡོད་པ་ཁོང་གིས་གསུང་འདུག
གཞན་ཡང་ཁོང་གིས་བོད་ནང་གི་གནས་སྟངས་ཐོག་གསུང་དོན། རྒྱ་ནག་གཞུང་གིས་བོད་མིའི་ཆོས་དང་རིག་གཞུང་། སྐད་ཡིག་གི་རང་དབང་ཐོག་དམ་བསྒྲགས་ཚབས་ཆེ་བྱེད་བཞིན་པ་མ་ཟད། ད་ཆ་༸རྒྱལ་བའི་ཡང་སྲིད་ཀྱི་གནད་དོན་ཐད་ལའང་ཐེ་བྱུས་བྱས་ནས་བདག་དབང་ཐོབ་ཐབས་བྱེད་བཞིན་ཡོད། ཆོས་མེད་སྨྲ་ཞིང་། དངོས་གཙོ་རིང་ལུགས་གཙིགས་ཆེར་འཛིན་པའི་མར་ཁེ་སི་རིང་ལུགས་ཀྱི་རྗེས་འབྲང་པ་རྒྱ་ནག་དམར་ཤོག་ཚོགས་པས་༸གོང་ས་ཏཱ་ལའི་བླ་མ་མཆོག་གི་༸སྐུའི་ཡང་སྲིད་ཀྱི་གནད་དོན་ཐག་གཅོད་ཞུ་རྒྱུ་ཟེར་བ་དེ་གལ་ཏེ་ཁ་ཞེ་གཉིས་མེད་ཡིན་ཟེར་ན་གཟུར་གནས་བློ་ལྡན་རྣམས་ལ་བཞད་གད་སློང་བའི་གཏམ་འབའ་ཞིག་ཏུ་ཟད། དེ་སྔ་རྒྱ་ནག་གཞུང་གིས་ཀུན་གཟིགས་པཎ་ཆེན་རིན་པོ་ཆེ་མཆོག་གི་ཡང་སྤྲུལ་མཆོག་གར་སོང་ཆ་རྒྱུས་མེད་པ་བཟོས་པ་དེ་ང་ཚོས་མིག་མཐོང་ལག་ཟིན་རེད། ཡང་སྲིད་སྐུ་ངོ་མའི་ཚབ་ཏུ་པཎ་ཆེན་རིན་པོ་ཆེ་མཆོག་གི་ཡང་སྲིད་ཡིན་ཟེར་ནས་རྒྱ་ནག་གཞུང་གིས་བསམ་པའི་ཁྱིའུ་རྒྱལ་མཚན་ནོར་བུ་ཕན་ཎེན་རིན་པོ་ཆེར་བསྐོ་གཞག་བྱས་པ་རེད། བྱེད་སྟངས་དེ་ནི་རྒྱ་ནག་གཞུང་གིས་བོད་མིའི་ཆོས་དད་རང་དབང་ལ་བརྡལ་བཤིག་ཚབས་ཆེ་ཇི་ཙམ་བཏང་བའི་དཔེ་མཚོན་གཞན་ཞིག་ཡིན། ཞེས་སོགས་གསུངས།