ཕྱི་ལོ་ ༢༠༡༩ ཟླ་ ༡༢ ཚེས་ ༡༧ རེས་གཟའ་མིག་དམར།
༄༅། །བོད་མིའི་སྒྲིག་འཛུགས་ཀྱི་ལས་བྱེད་འདེམས་བསྐོ་ལྷན་ཁང་གི་གོ་སྒྲིག་འོག་སྲི་ཞུའི་ལས་བྱེད་གསར་འདེམས་བྱུང་བའི་སྡེ་ཚན་འགན་འཛིན་དང་། ལས་དོ། ལས་དྲུང་། རྒན་དྲུང་། གཞོན་དྲུང་བཅས་ཁྱོན་མི་གྲངས་ ༢༣ ལ་ཕྱི་ལོ་ ༢༠༡༩ ཟླ་ ༡༢ ཚེས་ ༡༦ ནས་ ༢༧ བར་རྒྱ་གར་གྱི་རྒྱལ་ས་ལྡི་ལིར་རྟེན་གཞི་བྱས་པའི་རྒྱ་གར་གཞུང་གི་འཛིན་སྐྱོང་སྦྱོང་བརྡར་བསྟི་གནས་ཁང་ Indian Institute of Public Administration དུ་ཟབ་སྦྱོང་གནང་འགོ་བཙུགས་ཡོད། དེ་ཡང་གོང་ཚེས་ཉིན་ཟབ་སྦྱོང་གི་དབུ་འབྱེད་མཛད་སྒོའི་ཐོག་སྦྱོང་བརྡར་ཁང་གི་འཛིན་སྐྱོང་འགན་འཛིན་ Registrar སྐུ་ཞབས་ཨ་མི་ཏབྷ་རན་ཇན་ Amitabh Ranjan ལགས་དང་། ལས་འཆར་འགན་འཛིན་ Program Director སྐུ་ཞབས་སུར་བྷི་པན་ཌེ་ Dr. Surbhi Pandey ལགས། ལས་བྱེད་འདེམས་བསྐོ་ལྷན་ཁང་གི་ཚོགས་གཙོ་དཔེ་ཟུར་དབང་འདུས་ཚེ་རིང་མཆོག དེ་བཞིན་ལས་བྱེད་འདེམས་བསྐོ་ལྷན་ཁང་གི་དྲུང་ཆེ་ཚེ་རིང་དབྱངས་སྐྱིད་ལགས་བཅས་ཕེབས་ཡོད།
ཟབ་སྦྱོང་དབུ་འབྱེད་མཛད་སྒོའི་ཐོག་ལས་འཆར་འགན་འཛིན་སྐུ་ཞབས་སུར་བྷི་པན་ཌེ་ལགས་ཀྱིས། ཚོགས་འདུ་དང་འབྲེལ་ལམ། བརྡ་འཕྲིན་འཕྲུལ་ལས། དུས་ཚོད་སྟངས་འཛིན་ཐོག་ལས་དོན་ཆེ་ཕྲ་ཡོངས་ལ་འཆར་གཞི་འགོད་སྟངས། རྩོད་རྙོག་འདུམ་འགྲིག་བྱེད་སྟངས་སོགས་བདུན་ཕྲག་གཉིས་རིང་གི་ཟབ་སྦྱོང་གི་བསླབ་གཞི་སྐོར་ངོ་སྤྲོད་གནང་། སྐུ་ཞབས་ཨ་མི་ཏབྷ་རན་ཇན་ལགས་ཀྱིས། བོད་མིའི་སྒྲིག་འཛུགས་ཀྱི་ལས་བྱེད་འདེམས་བསྐོ་ལྷན་ཁང་དང་རྒྱ་གར་གཞུང་གི་འཛིན་སྐྱོང་སྦྱོང་བརྡར་བསྟི་གནས་ཁང་གཉིས་ཀྱི་དབར་འབྲེལ་བ་དམ་ཟམ་ཡོད་པའི་སྐོར་དང་། སྲི་ཞུའི་ལས་བྱེད་གསར་འདེམས་བྱུང་བ་རྣམས་ཟབ་སྦྱོང་དེ་བརྒྱུད་མ་འོངས་པར་སྲི་ཞུའི་ལས་བྱེད་གཟེངས་སུ་ཐོན་པ་ཞིག་ཡོང་ཐུབ་པའི་རེ་སྐུལ་གནང་བ་མ་ཟད། ལས་བྱེད་འདེམས་བསྐོ་ལྷན་ཁང་གི་ཚོགས་གཙོ་དཔེ་ཟུར་དབང་འདུས་ཚེ་རིང་མཆོག་ལ་རྗེས་སུ་ཡིད་རང་གི་དྲན་རྟེན་གྱི་སྐེ་དཀྲིས་ཤིག་ཕུལ་ཡོད།
ལས་བྱེད་འདེམས་བསྐོ་ལྷན་ཁང་གི་ཚོགས་གཙོ་མཆོག་གིས་སྲི་ཞུའི་ལས་བྱེད་གསར་འདེམས་བྱུང་བ་རྣམས་ནས་བདུན་ཕྲག་གཉིས་རིང་གི་ཟབ་སྦྱོང་སྐབས་གོ་སྐབས་དམ་འཛིན་གནང་སྟེ་ཧུར་ཐག་འབད་ཐག་གིས་སྦྱང་བརྩོན་བྱེད་དགོས་ཞེས་གསུངས་པ་དང་འབྲེལ། ཐེངས་འདིའི་ཟབ་སྦྱོང་ལ་མཐུན་འགྱུར་རོགས་རམ་གནང་མཁན་ཨ་རིའི་རོགས་ཚོགས་ USAID དང་བོད་ཀྱི་ཐེབས་རྩ་ཁང་གཉིས་ལ་ཐུགས་རྗེ་ཆེ་ཞུས་ཡོད་པ་བཅས། །