ཕྱི་ལོ་ ༢༠༡༩ ཟླ་ ༡༢ ཚེས་ ༩ རེས་གཟའ་ཟླ་བ།
༄༅། །འདི་གར་སྦེལ་ཇམ་སྐུ་ཚབ་དོན་གཅོད་ཁང་ནས་བཏང་གནས་ནང་འཁོད་དོན། ཕྱི་ལོ་ ༢༠༡༩ ཟླ་ ༡༢ ཚེས་ ༧ ནས་ ༨ བར་ཉིན་གྲངས་གཉིས་རིང་སྦེལ་ཇམ་ཡོན་ཏན་གླིང་ཆོས་ཚོགས་སུ་ཡོ་རོབ་བོད་བརྒྱུད་ནང་བསྟན་ཚོགས་འདུ་ཐེངས་ ༣ པ་ཚོགས་ཡོད་པ་དང་། ཚོགས་འདུའི་ཐོག་སྦེལ་ཇམ་དང་། ཕ་རན་སི། ཧོ་ལེནཌ། སི་པེན། ཨི་ཊ་ལི། སུད་སི། ཇར་མ་ནི། ཨིས་ཊོ་ནི་ཡ། ཕིན་ལེནཌ། ནོར་ཝེ་བཅས་ཡུ་རོབ་རྒྱལ་ཁབ་བཅུའི་བོད་བརྒྱུད་ནང་བསྟན་ཆོས་ཚོགས་ ༣༠ ནས་འཐུས་མི་ ༣༦ ཕེབས་ཡོད། ཚོགས་འདུ་འདི་ནི་སྦེལ་ཇམ་བོད་ཀྱི་སྐུ་ཚབ་དོན་གཅོད་ཁང་གི་གཙོ་འགན་འོག་སུད་སུའི་སྐུ་ཚབ་དོན་གཅོད་ནས་མཉམ་རུབ་ཐོག་ཡོན་ཏན་གླིང་ཆོས་ཚོགས་ཀྱིས་མཐུན་འགྱུར་གནང་སྟེ་ཚོགས་འདུ་ལེགས་པར་གྲུབ་ཡོད།
ཚོགས་འདུའི་སྐོར་ཨིན་ཡིག་ཐོག་གསལ་བསྒྲགས་སྤེལ་བ་བོད་ཡིག་ཏུ་བསྒྱུར་པ་དང་། ཚོགས་འཐུས་རྣམས་ནས་མཚན་རྟགས་བཀོད་ཡོད་ཡོད།
༡༽ཕྱི་ལོ་ ༢༠༡༩ ཟླ་ ༡༡ ཚེས་ ༢༧ ཉིན་བཞུགས་སྒར་རྡ་སར་བོད་མིའི་ཆོས་ཚོགས་ཐེངས་ ༡༤ ཚོགས་ཤིང་། སྐབས་དེར་༸རྒྱལ་བའི་ཡང་སྲིད་དང་འབྲེལ་བའི་གནད་དོན་ཐད་ཆོས་ལུགས་བླ་ཆེན་རྣམ་པས་དམིགས་བསལ་གྲོས་ཆོད་དོན་ཚན་ ༣ ཅན་གཏན་འབེབས་གནང་བར་སྙིང་ཐག་པ་ནས་བཀའ་དྲིན་ཆེ་ཞུ་རྒྱུ་ཡིན།
༢༽ ཡང་བསྐྱར་གསལ་པོར་ཞུ་རྒྱུར། རྒྱ་ནག་གཞུང་གིས་བོད་ནང་བོད་བརྒྱུད་ནང་བསྟན་ལ་བཀག་སྡོམ་བྱས་པ་ཙམ་དུ་མ་ཟད་ ༢༠༠༧ ལོར་ཁྲིམས་ཡིག་ ༥ ཅན་ཞེས་པས་བརྒྱུད་བོད་ཀྱི་བླ་སྤྲུལ་ངོས་འཛིན་བྱེད་ཕྱོགས་གཏན་ལ་ཕབ་པ་དེར་ང་ཚོས་ངོས་ལེན་མེད་པ་དང་དགག་པ་མཐའ་གཅིག་ཏུ་བྱ་རྒྱུ་ཡིན། སྤྲུལ་སྐུ་ཡང་སྲིད་ཀྱི་ངོས་འཛིན་གནང་རྒྱུ་ནི་ཆོས་ཕྱོགས་ཀྱི་གནད་དོན་ཡིན་པ་ལས་རྒྱ་ནག་དམར་ཤོག་ལ་ཐེ་བྱུས་བྱེད་རྒྱུའི་འགན་དབང་མེད།
༣༽ གནད་དོན་གལ་ཆེན་གཞན་ཞིག་ནི། རྒྱ་ནག་གཞུང་ནས་༸རྒྱལ་བའི་ཡང་སྲིད་ངོས་འཛིན་བྱེད་ཕྱོགས་ལ་ཐེ་བྱུས་བྱེད་བཞིན་པའི་ཛ་དྲག་གི་གནས་སྐབས་འདིར་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ལ་སྐུ་ཕྲེང་རིམ་བྱོན་ངེས་ཕེབས་ཡོང་བ་ཚོགས་འདུའི་ཐོག་ནས་གསོལ་བ་རྩེ་གཅིག་ཏུ་འདེབས་རྒྱུ་དང། ཡང་སྲིད་ངོས་འཛིན་གནང་རྒྱུའི་འགན་དབང་ཆ་ཚང་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་སྐུ་ཉིད་དང། ༸གོང་ས་ཏཱ་ལའི་བླ་མའི་བླ་བྲང་དགའ་ལྡན་ཕོ་བྲང་ཡིད་ཆེས་དགེ་རྩའི་དབང་ལྡན་འགན་འཛིན་ཁོ་ནར་ཡོད་པ་ལས་གཞན་སུ་ལའང་མེད་པ་བཅས། །