ཕྱི་ལོ་ ༢༠༡༩ ཟླ་ ༡༢ ཚེས་ ༡༦ རེས་གཟའ་ཟླ་བ།
༄༅། །ཡུ་ཀི་རིན་Ukraine བོད་ཀྱི་གྲོགས་པོའི་ཐེབས་རྩ་ཁང་གིས་ཉེ་ཆར་བཞུགས་སྒར་རྡ་སར་རྒྱལ་སྤྱིའི་བོད་དོན་རྒྱབ་སྐྱོར་ཚོགས་པའི་ཚོགས་འདུ་ཐེངས་བརྒྱད་པའི་སྐབས་བཞག་པའི་གྲོས་ཆོད་ཁག་གཅིག་གྲོས་བསྡུར་གྱི་ཆེད་གསར་འགོད་གསལ་བསྒྲགས་སྤེལ་ཡོད་པ་དང་། གསར་འགོད་གསལ་བསྒྲགས་ཐོག་ས་གནས་གསར་འགོད་པ་དང་གཞོན་སྐྱེས་ཁག་གཅིག་སོགས་ཕེབས་ཡོད། གསར་འགོད་གསལ་བསྒྲགས་ཐོག་བོད་མཐོ་སྒང་གི་གནམ་གཤིས་འགྱུར་ལྡོག་དང་། ཡུ་ཀི་རིན་ནང་གི་ཁུང་ཙི་ཤེས་ཡོན་སློབ་གཉེར་ཁང་། སྤྱི་ནོར་༸གོང་ས་༸སྐྱབས་མགོན་༸རྒྱལ་མཆོག་སྐུ་ཕྲེང་བཅུ་བཞི་པ་ཆེན་པོ་མཆོག་གི་སྐུའི་ཡང་སྲིད་སྐོར།
པཎ་ཆེན་སྐུ་ཕྲེང་ ༡༡ དགེ་འདུན་ཆོས་ཀྱི་ཉི་མ་མཆོག བོད་ཀྱི་རིག་གཞུང་དང་སྐད་ཡིག་བདག་གཉེར་བྱེད་ཕྱོགས་སོགས་ཀྱི་གནད་དོན་སྐོར་གྲོས་བསྡུར་གནང་རྒྱུ་ཡིན་པའི་སྐོར་དང་། དྲི་བ་དྲིས་ལན་སྐབས་ཚོགས་བཅར་བ་ཡོངས་ནས་སྤྱི་ཚོགས་དྲ་རྒྱ་བརྒྱུད་བོད་དོན་སྐོར་དྲང་བདེན་གྱི་གནས་ཚུལ་ཁྱབ་སྤེལ་ཇི་ལྟར་གཏོང་དགོས་པའི་སྐོར་དང་། ཕྲུ་གུ་ཚོར་དམིགས་ཏེ་ཡུ་ཀི་རིན་དང་བོད་ཡིག་ཤན་སྦྱར་སློབ་དེབ་བཟོ་ཕྱོགས། སྤྱི་ནོར་༸གོང་ས་༸སྐྱབས་མགོན་༸རྒྱལ་མཆོག་སྐུ་ཕྲེང་བཅུ་བཞི་པ་ཆེན་པོ་མཆོག་གི་འཁྲུངས་སྐར་སྲུང་བརྩི་ཞུ་ཕྱོགས་སོགས་ཀྱི་གནད་དོན་སྐོར་གྲོས་བསྡུར་གནང་ཡོད་པ་བཅས། །