ཕྱི་ལོ་ ༢༠༡༩ ཟླ་ ༡༢ ཚེས་ ༡༠ རེས་གཟའ་མིག་དམར།
༄༅། །ཕྱི་ལོ་ ༢༠༡༩ ཟླ་ ༡༢ ཚེས་ ༡༠ རེས་གཟའ་མིག་དམར་ཉིན་བོད་མིའི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ལ་ནོ་སྦེལ་ཞི་བདེའི་གཟེངས་རྟགས་ཕུལ་ནས་མི་ལོ་ ༣༠ འཁོར་བའི་དུས་ཆེན་གྱི་མཛད་སྒོའི་ཐོག་བོད་མི་མང་སྤྱི་འཐུས་ཚོགས་གཙོ་པདྨ་འབྱུང་གནས་མཆོག་ནས་བོད་མིའི་སྒྲིག་འཛུགས་འཕྲོད་བསྟེན་ལས་ཁུངས་ནས་བོད་མིའི་སྤྱི་ཚོགས་ནང་འཕྲོད་བསྟེན་དང་འབྲེལ་བའི་སྲི་ཞུ་གནང་མཁན་གྱི་ལས་བྱེད་བཞི་ལ་ཞབས་ལོ་ ༢༥ ཧྲིལ་པོ་འཁོར་བའི་གཟེངས་བསྟོད་ལེགས་སྐྱེས་ཕུལ་འདུག
ལས་བྱེད་པའི་ལོ་རྒྱུས།
༡༽ སྨན་རྩིས་ཁང་གི་སྨན་རྩ་འདེབས་ལས་པ་བློ་བཟང་ཚེ་རིང་ལགས།
སྨན་རྩ་འདེབས་ལས་པ་བློ་བཟང་ཚེ་རིང་ལགས་སྨན་རྩིས་ཁང་དུ་འཛུལ་ཞུགས་ཀྱིས་ཕྱི་ལོ་ ༡༩༩༤ ཟླ་ ༠༣ ཚེས་ ༠༡ ཉིན་སྨན་རྩིས་ཁང་གི་ལྡི་ལི་ནེ་ཛམྨུ་ཏིན་ཡན་ལག་སྨན་ཁང་དུ་མ་བྱན་གྱི་ལས་འཁུར་ཞུས། ཕྱི་ལོ་ ༢༠༠༢ ཟླ་ ༡༡ ཚེས་ ༠༡ ཉིན་རྡ་སྟེང་ཡན་ལག་སྨན་ཁང་གི་མ་བྱན་དང་ཁང་གཉེར་གཅིག་ལྕོགས་སུ་གནས་སྤོས་བསྩལ། ཕྱི་ལོ་ ༢༠༠༦ ཟླ་ ༠༤ ཚས་ ༡༦ ཉིན་དབུས་སྨན་རྩིས་ཁང་དུ་སྒོ་སྲུང་བའི་ལས་འགན་བསྩལ། ཕྱ་ལོ་ ༢༠༠༧ ཟླ་ ༠༩ ཚེས་ ༠༧ ཉིན་དབུས་སྨན་རྩིས་ཁང་གི་ནད་གསོ་ཁང་གི་མ་བྱན་དང་ནད་གཡོག ཕྱི་ལོ་ ༢༠༡༡ ཟླ་ ༠༧ ཚེས་ ༠༦ ཉིན་དབུས་སྨན་མཛོད་སྨན་ཚོང་སྡེ་ཚན་དུ་སྨན་སྐྱེལ་བའི་ལས་འགན་བསྩལ། ཕྱི་ལོ་ ༢༠༡༤ ཟླ་ ༠༤ ཚེས་ ༠༡ ཉིན་སྔོ་སྦྱོར་ཉམས་ཞིབ་སྡེ་ཚན་ཁོངས་སུ་སྨན་རྩ་འཚོལ་ཞིབ་དང་འདེབས་ལས་ཀྱི་ལས་འགན་དུ་གནས་སྤོས་བསྩལ། ཕྱི་ལོ་ ༢༠༡༥ ཟླ་ ༠༤ ཚེས་ ༠༡ ཉིན་ལས་བྱེད་ཚོམ་བུ་སྡེ་ཚན་དུ་གར་དགོས་ཀྱི་ལས་རིགས་དང་། ཕྱི་ལོ་ ༢༠༡༧ ཟླ་ ༠༥ ཚེས་ ༡༥ ཉིན་ཅོན་ཏ་ར་སྨན་རྩ་འདེབས་ལས་ཀྱི་ལས་འགན་དུ་གནས་སྤོས་བསྩལ་བ་བཅས་ད་བར་མི་ལོ་ཧྲིལ་པོ་ ༢༥ རིང་སྨན་རྩིས་ཁང་གི་ཞབས་འདེགས་བསྒྲུབས་ཡོད།
༢༽ སྨན་མཛོད་དང་སྨན་ཚོང་འགན་འཛིན་པ་སངས་ལྷོ་མོ་ལགས།
སྨན་མཛོད་དང་སྨན་ཚོང་འགན་འཛིན་པ་སངས་ལྷོ་མོ་ལགས་ཕྱི་ལོ་ ༡༩༩༤ ཟླ་ ༠༢ ཚེས་ ༡༥ ཉིན་སྨན་རྩིས་ཁང་དུ་འཛུལ་བཞུགས་ཀྱིས་དངུལ་རྩིས་སྡེ་ཚན་དུ་རྩིས་པའི་ལས་འཁུར་ཞུས། ལས་ཡུན་རིང་རང་ཉིད་ཀྱི་ཤེས་ཡོན་གོང་མཐོར་ཆེད་མུ་མཐུད་སློབ་སྦྱོང་བྱས་ཏེ་ཕྱི་ལོ་ ༢༠༠༢ ལོར་མཐོ་སློབ་ཆོང་རྩིས་སྦི་ཀོམ་གྱི་རྒྱུགས་འཕྲོད་སོན། ཕྱི་ལོ་ ༢༠༠༧ ཟླ་ ༠༡ ཚེས་ ༠༦ ཉིན་དངུལ་རྩིས་སྡེ་ཚན་གྱི་འགན་འཛིན་གཞོན་པའི་ལས་གནས་སུ་བསྐོ་བཞག་བསྩལ། ཕྱི་ལོ་ ༢༠༡༤ ཟླ་ ༠༧ ཚེས་ ༠༡ ཉིན་དབུས་སྨན་སྦྱོར་ཁང་གི་རྩིས་པ་དང་། ཕྱི་ལོ་ ༢༠༡༧ ཟླ་ ༡༠ ཚེས་ ༠༡ ཉིན་དབུས་སྨན་མཛོད་དང་སྨན་ཚོང་སྡེ་ཚན་གི་འགན་འཛིན་གྱི་ལས་འགན་དུ་གནས་སྤོས་བསྩལ། ཕྱི་ལོ་ ༢༠༡༧ ལོར་སྨན་རྩིས་ཁང་གི་ཕྱི་བསྐྱོད་སྨན་སྐོར་རུ་ཁག་ནང་ཞུགས་ཏེ་ཡུ་རོབ་རྒྱལ་ཁབ་འཇར་མ་ནི་དང་། སུད་སུ། ཧྥ་རན་སི། སི་པེན་བཅས་སུ་བསྐྱོད་ཡོད། ལས་རྒྱུན་རིང་སྨན་རྩིས་ཁང་གི་ས་ཁང་ཚོགས་ཆུང་གི་ཚོགས་མི་དང་། ལས་བྱེད་བདེ་དོན་ཚོགས་ཆུང་གི་ཚོགས་གཞོན་དང་ཚོགས་མིའི་ལས་འགན་ཡང་བཞེས་ཡོད་པ་བཅས་ད་བར་མི་ལོ་ཧྲིལ་པོ་ ༢༥ རིང་སྨན་རྩིས་ཁང་གི་ཞབས་འདེགས་བསྒྲུབས་ཡོད།
༣༽ སྨན་རྩིས་ཁང་གི་འགན་འཛིན་གྱི་དྲུང་ཡིག་བསོད་ནམས་དབྱངས་སྒྲོན་ལགས།
འགན་འཛིན་གྱི་དྲུང་ཡིག་བསོད་ནམས་དབྱངས་སྒྲོན་ལགས་སྨན་རྩིས་ཁང་དུ་འཛུལ་ཞུགས་ཀྱིས་ཕྱི་ལོ་ ༡༩༩༤ ཟླ་ ༠༢ ཚེས་ ༠༡ ཉིན་སྨན་རྩིས་ཁང་གི་ཉམས་ཞིབ་སྡེ་ཚན་དུ་ལས་དྲུང་གི་ལས་འཁུར་ཞུས། འབྲས་ནད་དང་། ཟ་ཁུ་གཅིན་སྙི། བཙོ་ཐལ་བཅས་ཀྱི་ཉམས་ཞིབ་ལས་དོན་གང་དག་འཐུས་ཚང་ཞུས། ཤེས་རིག་ལས་ཁུངས་ཀྱི་ཐ་སྙད་བརྡ་ཆད་གཏན་འབེབས་ཀྱི་ལས་དོན་དང་འབྲེལ་བའི་འབྲེལ་མཐུད་པའི་ལས་འགན་འཐུས་གཙང་ཞུས། ཕྱི་ལོ་ ༢༠༡༣ ཟླ་ ༡༠ ཚེས་ ༠༡ ཉིན་ལུས་སེམས་སྲོག་གི་སྡེ་ཚན་དུ་ལས་དྲུང་གི་ལས་འགན་དུ་གནས་སློས་བསྩལ། སྡེ་ཚན་དུ་ལུས་སེམས་སྲོག་གི་བགྲོ་གླེང་ཚོགས་ཆེན་དང་། སེམས་ཁམས་འཕྲོད་བསྟེན་ཟབ་སྦྱོང་གོ་སྒྲིག་ཞུ་རྒྱུའི་མཚོན་པའི་ལས་དོན་རྣམས་འཐུས་ཚང་ཞུས། ཕྱི་ལོ་ ༢༠༡༥ ཟླ་ ༠༡ ཚེས་ ༠༡ ཉིན་འགན་འཛིན་གྱི་དྲུང་ཡིག་ལས་འགན་དུ་གནས་སྤོས་བསྩལ། ཕྱི་ལོ་ ༢༠༡༦ ལོར་སྨན་རྩིས་ཁང་གི་ཕྱི་བསྐྱོད་སྨན་སྐོར་དང་འགྲེམས་སྟོན་རུ་ཁག་ནང་ཞུགས་ཏེ་ཐེ་ཝེན་དང་། སིང་གཱ་པུར་བསྐྱོད་པ་དང་། དེ་བཞིན་ཕྱི་ལོ་ ༢༠༡༥ ནས་ ༢༠༡༨ བར་གནས་ཡུལ་རྒྱལ་ས་ལྡི་ལི་དང་། མོམ་སྦེ། ཀཱ་ལཱ་སྦུ་ར་གྷི་བཅས་སུ་སྨན་རྩིས་འགྲེམས་སྟོན་དང་སྐོར་བསྐྱོད་གོ་སྒྲིག་ཆེད་བསྐྱོད་ཡོད། ཕྱི་ལོ་ ༢༠༡༩ ཟླ་ ༠༥ ཚེས་ ༠༡ ཉིན་ནས་བགྲེས་ཡོལ་དུ་ཕེབས་པ་བཅས་མི་ལོ་ཧྲིལ་པོ་ ༢༥ རིང་སྨན་རྩིས་ཁང་གི་ཞབས་འདེགས་བསྒྲུབས་ཡོད།
༤༽ སྨན་རྫས་ཉམས་ཞིབ་ཁོངས་ཀྱི་འགྲེགས་སྟོན་ཁང་གི་ལས་བྱེད་བསྟན་འཛིན་སྣང་ས་ལགས།
བསྟན་འཛིན་སྣང་ས་ལགས་ཕྱི་ལོ་ ༡༩༩༤ ཟླ་ ༠༤ ཚེས་ ༠༡ ཉིན་སྨན་རྩིས་ཁང་དུ་འཛུལ་བཞུགས་ཀྱིས་བུ་བཅོལ་ཁང་གི་མ་མའི་ལས་འཁུར་ཞུས། ཕྱི་ལོ་ ༢༠༠༣ ཟླ་ ༠༨ ཚེས་ ༠༡ ཉིན་སྔོ་སྦྱོར་ཉམས་ཞིབ་སྡེ་ཚན་གྱི་ལས་བྱེད་དུ་གནས་སྤོས་བསྩལ། ཕྱི་ལོ་ ༢༠༠༥ ཟླ་ ༠༤ ཚེས་ ༠༡ ཉིན་དབུས་སྨན་མཛོད་དང་སྨན་ཚོང་སྡེ་ཚན་དུ་རིལ་འཐུམ་རྒྱག་མིའི་ལས་འགན་དུ་གནས་སྤོས་བསྩལ། ལས་ཞོར་དུ་སྐར་རྩིས་སྡེ་ཚན་དུ་བཞུགས་ཏེ་སྲུང་འཁོར་སྒྲིལ་རྒྱུའི་ལས་འཁུར་ཡང་བླངས་ཡོད། ཕྱི་ལོ་ ༢༠༡༥ ཟླ་ ༠༤ ཚེས་ ༠༡ ཉིན་སྨན་རྫས་ཉམས་ཞིབ་སྡེ་ཚན་དུ་འགྲེམས་སྟོན་ཁང་གི་ལས་རོགས་སུ་གནས་སྤོས་བསྩལ་བ་བཅས་ད་བར་མི་ལོ་ཧྲིལ་པོ་ ༢༥ རིང་སྨན་རྩིས་ཁང་གི་ཞབས་འདེགས་བསྒྲུབས་ཡོད་པ་བཅས། །