ཕྱི་ལོ་ ༢༠༡༩ ཟླ་ ༡༢ ཚེས་ ༡༦ རེས་གཟའ་ཟླ་བ།
༄༅། །བོད་མིའི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ལ་འཛམ་གླིང་ནང་ཆེས་སྙན་གྲགས་ཅན་གྱི་ནོ་སྦེལ་ཞི་བདེའི་གཟེངས་རྟགས་འབུལ་ལམ་ཞུས་ནས་ལོ་ངོ་ ༣༠ འཁོར་བའི་དུས་དྲན་གྱི་མཛད་སྒོ་དེ་བཞིན་རྒྱལ་སྤྱིའི་བོད་དོན་ལས་འགུལ་ཁང་དུ་ཚོགས་པའི་སྐབས། བྱང་ཨ་རིའི་སྐུ་ཚབ་དོན་གཅོད་དངོས་གྲུབ་ཚེ་རིང་ལགས་ཀྱིས་ཨ་རིའི་གྲོས་ཚོགས་འཐུས་མི་སྐུ་ཞབས་ཨ་མི་བྷེ་ར་མཆོག་དང་། ཨ་རིའི་རྒྱལ་སྤྱིའི་ཆོས་དད་རང་དབང་སྲུང་སྐྱོབ་ལྷན་ཁང་གི་ཆེས་མཐོའི་སྐུ་ཚབ་སེ་མུལ་ཌི་སྦི་རོན་སྦད་ཀི་ Samuel D. Brownback མཆོག ཨ་རིའི་སྤྱི་མཐུན་ཚོགས་པའི་གྲོས་ཚོགས་འཐུས་མི་སྐུ་ཞབས་ཊེཌ་ཡོ་ཧོ་ Ted Yoho མཆོག ཨ་རིའི་གྲོས་ཚོགས་འོག་མའི་འཐུས་མི་སྐུ་ཞབས་ཨན་ཌེ་ལེ་ཝིན་ Andy Levin མཆོག གྲོས་ཚོགས་འཐུས་མི་སྐུ་ཞབས་ཧིལ་ཝར་ཊི་ Helvert མཆོག་བཅས་ལ་རྒྱལ་སྤྱིའི་བོད་དོན་ལས་འགུལ་ཁང་དུ་ཐུག་འཕྲད་གནང་ཡོད་པ་དང་།
སྐབས་དེར་ཨ་རིའི་གྲོས་ཚོགས་འཐུས་མི་སྐུ་ཞབས་ཨ་མི་བྷེ་ར་ Ami Bera མཆོག་གིས། ཨ་རིའི་བོད་དོན་རྒྱབ་སྐྱོར་གྱི་སྲིད་བྱུས་ ༢༠༡༩ Tibet Policy and Support Act 2019 ཞེས་པའི་ཁྲིམས་འཆར་གཏན་འབེབས་ཡོང་ཆེད་རྒྱབ་སྐྱོར་གནང་རྒྱུ་ཡིན། ཞེས་གསུངས། མཛད་སྒོའི་ཐོག་ཨ་རིའི་སྐུ་ཚབ་དོན་གཅོད་ཁང་གི་འབྲེལ་ཡོད་ལས་བྱེད་བཀྲ་ཤིས་དོན་གྲུབ་ལགས་དང་རྒྱ་རིགས་འབྲེལ་མཐུད་པ་ཚུལ་ཁྲིམས་རྒྱ་མཚོ་ལགས་རྣམ་གཉིས་ལྷན་བཅར་གནང་ཡོད་པ་བཅས། །