ཕྱི་ལོ་ ༢༠༡༩ ཟླ་ ༡༢ ཚེས་ ༡༨ རེས་གཟའ་ལྷག་པ།
༄༅། །བོད་མི་མང་སྤྱི་འཐུས་ཚོགས་གཞོན་ཨ་ཅཱརྱ་ཡེ་ཤེས་ཕུན་ཚོགས་མཆོག་གིས་ཨིན་ཡུལ་གྱི་སྲིད་བློན་བྷོ་རི་སི་འཇོན་སན་Boris Johnson མཆོག་གི་རྙིང་ཞེན་ཆབ་སྲིད་ཚོགས་པར་འོས་བསྡུའི་རྒྱལ་ཁ་ཐོབ་པར། བོད་གཞིས་བྱེས་གཉིས་ཀྱི་ཚབ་ཞུས་ཏེ་འཚམས་འདྲིའི་ཡི་གེ་ཕུལ་བའི་ནང་འཁོད་དོན། བོད་ནང་གཞི་རྩའི་འགྲོ་བ་མིའི་ཐོབ་ཐང་དང་། ཆོས་དད་རང་དབང་། རིག་གཞུང་། སྐད་ཡིག་སོགས་ཀྱི་གནས་སྟངས་ཛ་དྲག་གི་ངང་གནས་ཡོད་པ་མ་ཟད། རྒྱ་ནག་གཞུང་གིས་བོད་མིའི་ཐོག་འཛིན་བཞིན་པའི་དྲག་གནོན་ཅན་གྱི་སྲིད་བྱུས་ལ་བརྟེན་ནས་བོད་མཐོ་སྒང་གི་ཁོར་ཡུག་དང་བོད་ཀྱི་ལོ་རྒྱུས་རང་བཞིན་ལྡན་པའི་དགོན་སྡེ་ཁག་ལ་གཏོར་བཤིག་ཚབས་ཆེན་བྱུང་དང་འབྱུང་བཞིན་ཡོད། ང་ཚོའི་ངོས་ནས་སྲིད་བློན་མཆོག་གིས་རྒྱ་ནག་གཞུང་གིས་བོད་མིའི་ཐོག་འཛིན་བཞིན་པའི་དྲག་གནོན་ཅན་གྱི་སྲིད་བྱུས་འཕྲལ་དུ་མཚམས་འཇོག་བྱས་ཏེ་བོད་རྒྱ་གཉིས་ཀྱི་གནད་དོན་སེལ་བར་ཐབས་ལམ་ཡག་ཤོས་གཉིས་སྨན་དབུ་མའི་ལམ་ཐོག་འབབ་དགོས་པའི་རྒྱ་ནག་གཞུང་ལ་འབོད་སྐུལ་གནང་རོགས་ཞེས་ཞུ་རྒྱུ་ཡིན། ཨིན་ཡུལ་དང་བོད་གཉིས་དབར་སྔ་མོ་ནས་འབྲེལ་བ་དམ་ཟབ་ཡོད་སྟབས། ཨིན་ཡུལ་གཞུང་མང་གཉིས་ནས་བོད་དོན་ཐད་རྒྱབ་སྐྱོར་གནང་དང་གནང་མུས་ཡིན། དེར་བརྟེན་སྲིད་བློན་མཆོག་གི་དབུ་ཁྲིད་འོག་སྐུ་ཉིད་ཀྱི་གཞུང་འཛིན་ཆབ་སྲིད་ཚོགས་པ་ནས་མུ་མཐུད་བོད་དོན་སླད་རྒྱབ་སྐྱོར་གནང་རྒྱུའི་རེ་སྐུལ་དང་། ལྷག་པར་སྲིད་བློན་མཆོག་གིས་རྒྱ་ནག་གཞུང་ལ་བོད་ཀྱི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་གི་སྐུ་ཚབ་བམ་བོད་མིའི་སྒྲིག་འཛུགས་ཀྱི་སྐུ་ཚབ་ལྷན་དུ་བོད་རྒྱ་གྲོས་མོལ་བསྐྱར་གསོ་ཡོང་བའི་འབོད་སྐུལ་གནང་རོགས་ཞེས་ཞུ་རྒྱུ་ཡིན། །