ཕྱི་ལོ་ ༢༠༡༩ ཟླ་ ༡༢ ཚེས་ ༧ རེས་གཟའ་སྤེན་པ།
༄༅། །འདི་གར་ཆེས་མཐོའི་ཁྲིམས་ཞིབ་ཁང་ནས་བཏང་གནས་ནང་འཁོད་དོན། ཕྱི་ལོ་ ༢༠༡༩ ཟླ་ ༡༡ ཚེས་ ༢༥ ནས་ཕྱི་ཟླ་ ༡༢ ཚེས་ ༠༥ བར་བཞུགས་སྒར་རྡ་ས་འཛིན་སྐྱོང་སྦྱོང་བརྡར་ཁང་དུ་ཉིན་གྲངས་ ༡༠ རིང་ཆེས་མཐོའི་ཁྲིམས་ཞིབ་ཁང་གི་གོ་སྒྲིག་དང་། དཔལ་འབྱོར་ལས་ཁུངས་བརྒྱུད་ FNF རོགས་དངུལ་མཐུན་འགྱུར་འོག་བཙན་བྱོལ་བོད་མིའི་ཁྲིམས་ལུགས་སྦྱོང་བརྡར་ཐེངས་ ༩ པ་ལེགས་པར་གྲུབ་ཡོད། དེ་ཡང་སྐབས་དེར་སྦྱོང་བརྡར་བ་སྐུ་ཚབ་གསུམ་ནས་སྦྱོང་བརྡར་དང་འབྲེལ་བའི་སོ་སོའི་མྱོང་ཚོར་དང་དགོངས་འཆར་སོགས་ཞུས་གནང་སོང་།
སྦྱོང་བརྡར་བ་གྲངས་ ༢༢ མཉམ་ཞུགས་གནང་ཡོད་པའི་ནང་ནས་སྦྱོང་བརྡར་བ་ ༡༥ ནས་སྤྱི་མང་གཏུག་བཤེར་འགྲོ་ལུགས་རྩ་འཛིན་ཁྲིམས་ཡིག་དོན་ཚན་ ༢༢ པའི་ཆ་རྐྱེན་འོག་དཔལ་ལྡན་ཁྲིམས་ཞིབ་པ་ཆེ་བ་དྭགས་པོ་བསོད་ནམས་ནོར་བུ་མཆོག་གི་མདུན་སར་བཙན་བྱོལ་བོད་མིའི་ཁྲིམས་དང་ལམ་ལུགས་ཀྱི་ཁྲིམས་རྩོད་པའི་ཁས་ལེན་དམ་འབུལ་ཞུས་ཏེ། བཙན་བྱོལ་བོད་མིའི་ཁྲིམས་དང་ལམ་ལུགས་ཀྱི་ཁྲིམས་རྩོད་པའི་མིང་ཐོ་དེབ་འགོད་ལག་ཁྱེར་དང་། དེ་མིན་སྦྱོང་བརྡར་བ་གྲངས་ ༤ ལ་བསྐྱར་སྦྱོང་ལག་ཁྱེར། སྦྱོང་བརྡར་བ་གཞན་ ༣ རང་ལོ་ ༢༥ མ་སོན་པར་མཉམ་ཞུགས་བགྱིས་པའི་ལག་ཁྱེར་བཅས་དཔལ་ལྡན་ཁྲིམས་ཞིབ་པ་ཆེ་བ་མཆོག་ནས་གནང་ཡོད།
དཔལ་ལྡན་ཁྲིམས་ཞིབ་པ་ཆེ་བ་མཆོག་ནས་སྦྱོང་བརྡར་གྱི་མཇུག་བསྡོམས་གསུང་བཤད་གནང་བ་དང་། དེ་རྗེས་སྤྱི་ཁྱབ་ཁྲིམས་དྲུང་བཀྲ་ཤིས་རྒྱ་མཚོ་ལགས་ནས་ཐུགས་རྗེ་ཆེ་ཞུས་ཏེ་བཙན་བྱོལ་བོད་མིའི་ཁྲིམས་ལུགས་སྦྱོང་བརྡར་ཐེངས་ ༩ པ་ལེགས་པར་མཇུག་སྒྲིལ་ཡོད་པ་བཅས། །