ཕྱི་ལོ་ ༢༠༡༩ ཟླ་ ༡༢ ཚེས་ ༩ རེས་གཟའ་ཟླ་བ།
༄༅། །འཛམ་གླིང་མཉམ་འབྲེལ་རྒྱལ་ཚོགས་ཀྱི་འགྲོ་བ་མིའི་ཐབ་ཐང་གི་ཡོངས་ཁྱབ་བསྒྲགས་གཏམ་སྤེལ་ནས་མི་ལོ་ཧྲིལ་པོ་ ༧༡ འཁོར་བའི་ཉིན་མོ་དང་བསྟུན། ཕྱི་དྲིལ་འགྲོ་བ་མིའི་ཐོབ་ཐང་ཚན་པས་རྒྱ་ནག་གཞུང་གིས་བོད་མིའི་འགྲོ་བ་མིའི་ཐོབ་ཐང་ལ་དམ་བསྒྲགས་མུ་མཐུད་བྱེད་བཞིན་པའི་བརྙན་ཐུང་སྐར་མ་བཞི་ཅན་ཞིག་འདོན་སྤེལ་གནང་ཡོད་འདུག དེ་ཡང་ཕྱི་ལོ་ ༡༩༤༨ ཟླ་ ༡༢ ཚེས་ ༡༠ ཉིན་འཛམ་གླིང་མཉམ་འབྲེལ་རྒྱལ་ཚོགས་ཀྱི་འགྲོ་བ་མིའི་ཐབ་ཐང་ལྷན་ཁང་ནས་འགྲོ་བ་མིའི་ཐོབ་ཐང་གི་ཡོངས་ཁྱབ་བསྒྲགས་གཏམ་ཞིག་སྤེལ་བ་བརྒྱུད། ཉིན་མོ་དེར་རྒྱལ་སྤྱིའི་འགྲོ་བ་མིའི་ཐོབ་ཐང་གི་ཉིན་མོར་སྲུང་བརྩི་ཞུ་སྲོལ་ཡོད། སྐབས་དེར་འཛམ་གླིང་མཉམ་འབྲེལ་རྒྱལ་ཚོགས་ཀྱི་འགྲོ་བ་མིའི་ཐབ་ཐང་གི་ཡོངས་ཁྱབ་གསལ་བསྒྲགས་ཀྱི་ཡིག་ཆ་བཏོན་གནང་བ་མ་ཟད། རྒྱལ་སྤྱིའི་དཔལ་འབྱོར་དང་སྤྱི་ཚོགས། རིག་གཞུང་གི་གན་ཡིག སྤྱི་འབངས་མི་སེར་གྱི་ཐོབ་ཐང་དང་ཆབ་སྲིད་ཀྱི་ཐོབ་ཐང་སྲུང་སྐྱོབ་ཀྱི་གན་ཡིག་སྤེལ་ཡོད།
རྒྱ་ནག་གཞུང་གིས་རྒྱལ་སྤྱིའི་གན་ཡིག་གལ་གནད་ཅན་གཉིས་ལས། རྒྱལ་སྤྱིའི་དཔལ་འབྱོར་དང་སྤྱི་ཚོགས། རིག་གཞུང་སྲུང་སྐྱོབ་བྱ་རྒྱུའི་གན་ཡིག་ལ་ཁྲིམས་མཐུན་ངོས་འཛིན་གཏན་འབེབས་བྱེད་པར་ལོ་ངོ་བཞི་ལས་འགོར་མེད་ཀྱང་།
སྤྱི་འབངས་མི་སེར་གྱི་ཐོབ་ཐང་དང་ཆབ་སྲིད་ཀྱི་ཐོབ་ཐང་སྲུང་སྐྱོབ་གན་ཡིག་ཁྲིམས་མཐུན་གཏན་འབེབས་མ་བྱས་པར་ལོ་ངོ་ ༢༡ འགོར་ཡོད། རྒྱལ་སྤྱིའི་དཔལ་འབྱོར་ཐོབ་ཐང་གིས་མཚོན་ཐོབ་ཐང་གཞན་ཁག་གཅིག་གི་སྲུང་སྐྱོབ་བྱ་རྒྱུའི་ཚད་གཞི་དེར་རང་སྣང་གིས་བསྒྱུར་བཅོས་བྱས་ནས་འགྲོ་བ་མིའི་ཐོབ་ཐང་སྲུང་སྐྱོབ་ཀྱི་གནས་བབ་དེར་འགྲེལ་བརྗོད་ལོག་པ་བྱེད་ཐབས་བྱེད་བཞིན་ཡོད།
རྒྱ་ནག་གཞུང་ལ་རྒྱལ་སྤྱིའི་སྤྱི་འབངས་ཐོབ་ཐང་དང་ཆབ་སྲིད་ཀྱི་ཐོབ་ཐང་སྲུང་སྐྱོབ་ཐོག་འགན་ཁུར་དགོས་སྐོར་གླེང་སྐབས་རྒྱ་ནག་གཞུང་གིས་ལས་འགན་ནས་གཡོལ་ཐབས་ཁོ་ན་བྱེད་བཞིན་པ་རེད། དེང་སྐབས་རྒྱ་ནག་གཞུང་གིས་འཛམ་གླིང་མཉམ་འབྲེལ་རྒྱལ་ཚོགས་ནང་ཆབ་སྲིད་དང་དཔལ་འབྱོར་སོགས་སྟོབས་ཤུགས་སྤྱད་ནས་རྒྱལ་སྤྱིའི་དཔལ་འབྱོར་ལམ་ལུགས་དང་། སྤྱི་ཚོགས་དང་རིག་གཞུང་སྲུང་སྐྱོབ་ཀྱི་གནས་བབ་འགྲེལ་བཤད་ལ་གསར་གཏོད་བྱས་པ་མ་ཟད། དེ་དག་ལུང་འདྲེན་བྱས་པ་བརྒྱུད་རྒྱ་ནག་ནང་གི་འགྲོ་བ་མིའི་ཐོབ་ཐང་སྲུང་སྐྱོབ་ཆེད་ཇི་ཙམ་ཆོད་སེམས་རྒྱུན་སྐྱོང་བྱེད་ཁུལ་བཤད་པ་དེ་ཟོག་རྫུ་ཁོ་ན་ཡིན།
སྤྱིར་རྒྱ་ནག་གཞུང་གིས་རྒྱལ་སྤྱིའི་སྒྲིག་འཛུགས་འདྲ་མིན་ནང་ཚོགས་ཞུགས་བྱས་ཡོད་ཀྱང་བོད་ནང་གི་བོད་མིའི་འགྲོ་བ་མིའི་ཐོབ་ཐང་ལ་མུ་མཐུད་བརྩི་མེད་རྡོག་རོལ་གཏོང་བཞིན་པ་དེས་ཁ་ཞེ་མི་མཚུངས་པའི་བྱེད་བབ་ཡིན་པ་ར་སྤྲོད་གསལ་པོ་ཐུབ།
འདིར་སྐར་མ་བཞིའི་གློག་བརྙན་ནང་བོད་ནང་གི་ཛ་དྲག་གི་གནས་སྟངས་མངོན་པར་བྱས་ཤིང་། དེ་ཡང་ཕྱི་དྲིལ་འགྲོ་བ་མིའི་ཐོབ་ཐང་ཚན་པའི་ལས་བྱེད་བསྟན་འཛིན་ཟླ་སྒྲོན་ལགས་ཀྱིས་གསུང་དོན། བརྙན་འཕྲིན་འདི་བརྒྱུད་ང་ཚོས་རྒྱལ་སྤྱིའི་འགྲོ་བ་མིའི་ཐོབ་ཐང་སྲུང་སྐྱོབ་ཀྱི་གན་ཡིག་འདི་འདྲ་ཞིག་ཡོད་པ་དང་། གན་ཡིག་དེ་དག་བརྒྱུད་ནས་རྒྱལ་སྤྱིའི་འགྲོ་བ་མིའི་ཐོབ་ཐང་སྲུང་སྐྱོབ་དགོས་པའི་གནས་སྟངས་གོ་རྟོགས་སྤེལ་ཐབས་བྱེད་བཞིན་ཡོད། ཅེས་གསུངས།