ཕྱི་ལོ་ ༢༠༡༩ ཟླ་ ༡༢ ཚེས་ ༤ རེས་གཟའ་ལྷག་པ།
༄༅། །བོད་མིའི་སྒྲིག་འཛུགས་ཀྱི་ནང་སྲིད་བཀའ་བློན་འཁོར་ལྷ་ཚང་བསོད་ནམས་སྟོབས་རྒྱལ་མཆོག་ཕྱི་ལོ་ ༢༠༡༩ ཟླ་ ༡༡ ཚེས་ ༢༧ ཉིན་ནས་འགོ་འཛུགས་ཀྱིས་རྒྱ་གར་ལྷོ་ཕྱོགས་སུ་ཡོད་པའི་མོན་གྷོ་འདོད་རྒུ་གླིང་བོད་མིའི་གཞིས་ཆགས་དང་ཧུན་སུར་རབ་རྒྱས་གླིང་། སྦེལ་ཀོབ་ལུགས་བདེ་གཞིས་ཆགས་བཅས་སུ་གཞིས་ཆགས་ཀྱི་འཛུགས་བསྐྲུན་ལས་གཞི་ཁག་དང་། སོ་ནམ་འདེབས་ལས་ཀྱི་ལས་གཞི་ཁག་ལ་ཐུགས་ཞིབ་དང་ས་གནས་ཀྱི་ལས་སྣེ་དང་མང་ཚོགས་བཅས་ལ་ཐུག་འཕྲད་གནང་ཡོད་འདུག
སྐབས་དེར་བཀའ་བློན་མཆོག་གིས་མོན་གྷོ་འདོད་རྒུ་གླིང་དུ་བོད་ནས་གསར་དུ་འབྱོར་བ་དགོས་མཁོ་ཅན་གྱི་ཁྱིམ་ཚང་ ༤༠ ཆེད་བོད་མིའི་སྒྲིག་འཛུགས་ནང་སྲིད་ལས་ཁུངས་ནས་སྡོད་ཁང་གསར་རྒྱག་ལས་གཞིའི་ཨར་ལས་འཆར་འགོད་པ་དང་ཐུག་འཕྲད་ཀྱིས་སྡོད་ཁང་གསར་རྒྱག་གི་ལས་གཞི་དང་། ས་གནས་སུ་དཔེ་སྟོན་ཤིང་འབྲས་འདེབས་ལས་ལས་གཞི་བཅས་པར་ཐུགས་ཞིབ་ཀྱིས་འབྲེལ་ལས་རྣམས་ལ་ལས་དོན་གང་ལེགས་གནང་བར་ཡི་རངས་བསྔགས་བརྗོད་གནང་ཡོད་པ་མ་ཟད། བཀའ་བློན་མཆོག་གིས་ས་གནས་དགོན་སྡེ་ཁག་གི་འཛིན་སྐྱོང་ལས་སྣེ་རྣམ་པ་དང་། གཞུང་དང་གཞུང་འབྲེལ་མིན་པའི་ཚོགས་པ་ཁག་གི་སྐུ་ཚབ་སོགས་ཁྱོན་མི་གྲངས་ ༤༠ ལྷག་ཙམ་ཚང་འཛོམས་ཐོག་བོད་མིའི་སྒྲིག་འཛུགས་ནང་སྲིད་ལས་ཁུངས་ནས་བཙན་བྱོལ་བོད་མི་རྣམས་ཀྱི་བདེ་དོན་ལ་གཟིགས་རྟོག་གནང་རྒྱུའི་ཐུགས་འགན་གཙོ་ཆེ་གནང་གི་ཡོད་སྐོར་དང་། བོད་མིའི་ཆོས་ཚོགས་ཐེངས་བཅུ་བཞི་པའི་གྲོས་ཆོད་ཁག་ངོ་སྤྲོད། དེ་བཞིན་བཙན་བྱོལ་བོད་མིའི་གཞིས་ཆགས་ཁག་འཚོ་གནས་ཐུབ་ཐབས་སུ་ས་གནས་མཉམ་འབྲེལ་ཁག་གལ་ཆེ་པོ་ཡིན་སྐོར་སོགས་ཀྱི་གསུང་བཤད་གནང་།
བོད་མིའི་སྒྲིག་འཛུགས་ནང་སྲིད་ལས་ཁུངས་ནས་བཙན་བྱོལ་བོད་མིའི་གཞིས་ཆགས་ཁག་གི་ནང་མང་ཚོགས་སྤྱི་དང་། ལྷག་པར་གཞོན་སྐྱེས་ཚོར་སོ་ནམ་འདེབས་ལས་ཀྱི་ལས་དོན་ཐད་དོ་དབྱིངས་སྔར་ལྷག་སླེབ་ཐབས་སུ་གཞིས་ཆགས་ཁག་གཅིག་གི་ནང་ས་གནས་འགོ་འཛིན་ལས་ཁུངས་དང་སོ་ནམ་སློབ་སྟོན་པའི་ཐད་ཀར་སྟངས་འཛིན་འོག་དཔེ་སྟོན་ཤིང་འབྲས་འདེབས་ལས་ཀྱི་ལས་གཞི་ཁག་གཅིག་སྤེལ་ཡོད།
ཕྱོགས་མཚུངས་བཀའ་བློན་མཆོག་གིས་ཧུན་སུར་རབ་རྒྱས་གླིང་བོད་མིའི་གཞིས་ཆགས་ཀྱི་གཞུང་ལམ་དང་སྡོད་ཁང་རྒྱག་རྒྱུའི་ལས་གཞིར་ཐུགས་ཞིབ་གནང་འདུག
ཕྱི་ཚེས་ ༤ ཉིན་བཀའ་བློན་མཆོག་ཀོ་ལི་གྷལ་དོན་ལྡན་གླིང་བོད་མིའི་གཞིས་ཆགས་སུ་ཕེབས་ཐོན་གནང་རྒྱུ་ཡིན་འདུག་པ་བཅས། །