ཕྱི་ལོ་ ༢༠༡༩ ཟླ་ ༡༢ ཚེས་ ༡༨ རེས་གཟའ་ལྷག་པ།
༄༅། །འདི་གའི་ཆེད་གཉེར་གསར་འགོད་པ་སྐལ་བཟང་བདེ་སྐྱིད་ལགས་ཀྱིས་ས་གནས་ནས་བཏང་གནས་ནང་འཁོད་དོན། ཕྱི་ལོ་ ༢༠༡༩ ཟླ་ ༡༢ ཚེས་༡༧ ཉིན་བོད་མིའི་སྒྲིག་འཛུགས་ཀྱི་དཔལ་ལྡན་སྲིད་སྐྱོང་བློ་བཟང་སེངྒེ་མཆོག་དང་ནང་སྲིད་བཀའ་བློན་འཁོར་ལྷ་ཚང་བསོད་ནམས་སྟོབས་རྒྱལ་མཆོག་རྣམ་གཉིས་རྒྱ་གར་བྱང་ཕྱོགས་ལྡེ་ར་ལྡུན་ཁུལ་དུ་ཕེབས་འབྱོར་མཚམས་བདེ་སྐྱིད་གླིང་ས་གནས་འགོ་འཛིན་དང། ས་གནས་ཁྲིམས་ཞིབ་པ། ས་གནས་འཐུས་ཚོགས་ཀྱི་ཚོགས་མི། མ་སུ་རི་བོད་ཁྱིམ་གྱི་སྤྱི་ཁྱབ་འགན་འཛིན་གྱིས་གཙོས་དྲུང་ཆེ་ལས་རོགས་བཅས་ནས་ཕེབས་བསུའི་སྣེ་ལེན་གཟབ་རྒྱས་ཞུས་ཡོད།
དེ་རིང་སྟེ་ཕྱི་ལོ་ ༢༠༡༩ ཟླ་ ༡༢ ཚེས་ ༡༨ རེས་གཟའ་ལྷག་པ་ཉིན་རྒྱ་གར་བྱང་ཕྱོགས་ལྡེ་ར་ལྡུན་དུ་རྟེན་གཞི་བྱས་པའི་བདེ་སྐྱིད་གླིང་བོད་མིའི་གཞིས་ཆགས་ཀྱི་ཉེ་འགྲམ་གྱི་ཐང་ཆེན་དུ་ལྡེ་ར་ལྡུན་དགེ་འཕེལ་གླིང་གཞིས་ཁང་དབུ་འབྱེད་ཀྱི་མཛད་སྒོ་སྲུང་བརྩི་གཟབ་རྒྱས་ཞུས་སོང་།
དེ་ཡང་གོང་ཚེས་ཉིན་གྱི་སྔ་དྲོ་ཆུ་ཚོད་ ༨།༥༠ ཐོག་མཛད་སྒོའི་སྐུ་མགྲོན་གཙོ་བོ་བོད་མིའི་སྒྲིག་འཛུགས་ཀྱི་དཔལ་ལྡན་སྲིད་སྐྱོང་བློ་བཟང་སེངྒེ་མཆོག་ས་གནས་སུ་ཕེབས་འབྱོར་སྐབས་གཞིས་གསར་ལས་གཞིའི་ཁོངས་ཡོད་པའི་མི་མང་རྣམས་ཀྱིས་གཙོས་བདེ་སྐྱིད་གླིང་ས་གནས་མང་ཚོགས་སོགས་ནས་ཕེབས་བསུའི་སྣེ་ལེན་གཟབ་རྒྱས་ཞུས་གྲུབ་མཚམས། བླ་མ་གྲུབ་དཔོན་རིན་པོ་ཆེ་མཆོག་གིས་སྡོད་ཁང་གསར་པར་རབ་གནས་མཛད་རྗེས། དཔལ་ལྡན་སྲིད་སྐྱོང་མཆོག་གིས་སྡོད་ཁང་དབུ་འབྱེད་དང་སྦྲགས་གཟིགས་ཞིབ་གནང་།
དེ་ནས་སྐུ་མགྲོན་གཙོ་བོ་བོད་མིའི་སྒྲིག་འཛུགས་ཀྱི་དཔལ་ལྡན་སྲིད་སྐྱོང་བློ་བཟང་སེངྒེ་མཆོག་དང་། དམིགས་བསལ་སྐུ་མགྲོན་ནང་སྲིད་བཀའ་བློན་འཁོར་ལྷ་ཚང་བསོད་ནམས་སྟོབས་རྒྱལ་མཆོག བདེ་སྐྱིད་གླིང་ས་གནས་འགོ་འཛིན་ནོར་བུ་ལགས་བཅས་ནས་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་སྐུ་པར་མཐོང་གྲོལ་རིན་པོ་ཆེའི་སྐུ་མདུན་དུ་སྣང་གསལ་མར་མེ་ཞལ་ཕྱེ་གནང་བ་དང་འབྲེལ། རྟེན་འབྲེལ་མཚོན་བྱེད་ཀྱི་གསོལ་ཇ་འབྲས་སིལ་འདེགས་འབུལ་ཞུས། དེ་རྗེས་བདེ་སྐྱིད་གླིང་ས་གནས་འགོ་འཛིན་ནོར་བུ་ལགས་ཀྱིས་དགེ་འཕེལ་གླིང་གཞིས་ཁང་གསར་རྒྱག་གི་ལས་གཞིའི་སྔ་ཕྱི་བརྒྱུད་རིམ་སྐོར་ངོ་སྤྲོད་གནང་། དེ་ནས་བོད་མིའི་སྒྲིག་འཛུགས་ནང་སྲིད་བཀའ་བློན་འཁོར་ལྷ་ཚང་བསོད་ནམས་སྟོབས་རྒྱལ་མཆོག་གིས་མཛད་སྒོའི་ཐོག་གསུང་བཤད་གནང་དོན། ཐོག་མར་བོད་མིའི་སྒྲིག་འཛུགས་ལས་ཁུངས་ཀྱི་ཚབ་ཞུས་ཏེ་འཚམས་འདྲི་བཀྲ་ཤིས་བདེ་ལེགས་ཞུ་རྒྱུ་ཡིན།
གོང་དུ་ས་གནས་འགོ་འཛིན་ནོར་བུ་ལགས་ཀྱིས་ལས་གཞི་དང་འབྲེལ་ལས་བསྡོམས་སྙན་སྒྲོན་ཞུས་ཟིན་པ་རེད། དེའི་ཐོག་ང་ལ་དམིགས་བསལ་གང་ཡང་ཞུ་རྒྱུ་མེད། ལོ་མང་རིང་དུད་ཚང་ཁག་གཅིག་ལ་གཞིས་ཆགས་ཀྱི་ཐོབ་ཐང་ཐོབ་མེད། སྐབས་དེ་དུས་བོད་མིའི་སྒྲིག་འཛུགས་ཀྱིས་དེའི་ཐོག་བསམ་བློ་བཏང་ཡོད་ཀྱང་། རྒྱུ་རྐྱེན་མ་འཛོམས་པར་བརྟེན་ལྷག་པ་ཞིག་རེད། ད་ཆ་བོད་མིའི་སྒྲིག་འཛུགས་བཀའ་ཤག་སྐབས་ ༡༥ དཔལ་ལྡན་སྲིད་སྐྱོང་བློ་བཟང་སེངྒེ་མཆོག་གིས་ལས་དོན་ཐད་གཙོ་བོ་ཐུགས་འགན་བཞེས་པའི་ཐོག་ལས་གཞི་དེ་བཞིན་ཚགས་ཚུད་ངང་གྲུབ་ཐུབ་ཡོད།
ཕྱོགས་མཚུངས་དགེ་འཕེལ་གླིང་གཞིས་མི་རྣམས་ནས་རྒྱབ་སྐྱོར་གནང་བར་བརྟེན་ནས་བྱུང་རེད། དགེ་འཕེལ་གླིང་ཞེས་པའི་མཚན་གནས་དེ་བཞིན་འཛམ་གླིང་ཞེ་བདེའི་དེད་དཔོན། བོད་མིའི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་བསྩལ་གནང་བ་ཞིག་རེད།
ངས་དེ་རིང་སྡིངས་ཆ་འདི་བརྒྱུད་བོད་མིའི་སྒྲིག་འཛུགས་ཀྱི་དཔལ་ལྡན་སྲིད་སྐྱོང་མཆོག་ལ་བཀའ་དྲིན་ཆེ་ཞུ་རྒྱུ་ཡིན། ཞེས་དང་། གཞན་ཡང་བཀའ་བློན་མཆོག་གིས་ས་ཁང་གི་སྒྲིག་གཞི་ཐོག་གསུང་དོན། དགེ་འཕེལ་གླིང་གཞིས་ཁང་གི་ས་ཆ་འགན་དབང་དེ་བཞིན་བོད་མིའི་སྒྲིག་འཛུགས་ནང་སྲིད་ལས་ཁུངས་ཀྱི་མཚན་ཐོག་ནས་ཁྲིམས་མཐུན་ཐོག་ཉོས་ཟིན་པའི་ས་ཆ་ཞིག་ཆགས་ཀྱི་ཡོད་སྟབས། མ་འོངས་པ་ཁང་པ་དེ་དག་གཞན་ལ་བཙོང་རྒྱུ་སོགས་ནང་སྲིད་ལས་ཁུངས་ཀྱི་ས་ཁང་གི་སྒྲིག་གཞི་དང་འགལ་བའི་ལས་རིགས་ནམ་ཡང་བྱེད་མི་ཆོག
སྤྱིར་ས་ཁང་སྒྲིག་གཞི་ནི་བོད་མིའི་སྒྲིག་འཛུགས་ནང་སྲིད་ལས་ཁུངས་ཀྱིས་སྤྱི་ཚོགས་ཀྱི་གནས་བབ་དང་བསྟུན་ནས་གཏན་འབེབས་གནང་བ་ཞིག་ཡིན་པ་མ་ཟད། གྲོས་ཚོགས་ནས་བཀའ་བསྡུར་རབ་དང་རིམ་པ་གནང་སྟེ་གཏན་འབེབས་གནང་ཟིན་པའི་སྒྲིག་གཞི་ཆགས་ཀྱི་ཡོད། ཚང་མས་དེ་ལག་བསྟར་བྱེད་དགོས། ཞེས་གསུངས།
དེ་ནས་དཔལ་ལྡན་སྲིད་སྐྱོང་མཆོག་གིས་འཚམས་འདྲི་དང་སྦྲགས་གསུང་བཤད་གནང་དོན། ཐེངས་འདིའི་ལས་གཞི་ནི་བོད་མིའི་སྒྲིག་འཛུགས་དང་མང་ཚོགས་གཉིས་ཀྱིས་ཕྱར་བ་གྲུ་འདེགས་ཀྱི་སྒོ་ནས་གྲུབ་པའི་ལས་གཞི་ཐེངས་དང་པོ་ཞིག་ཆགས་ཡོད། གོང་དུ་བཀའ་བློན་མཆོག་གིས་གསུངས་པ་ལྟར། དགེ་འཕེལ་གླིང་མཚན་གནས་དེ་བཞིན་མགོན་པོ་གང་ཉིད་མཆོག་གིས་བསྩལ་བ་ཞིག་ཡིན་སྟབས། གཞིས་གསར་ལས་གཞིའི་ཁོངས་ཡོད་པའི་མི་མང་རྣམས་བསོད་ནམས་ཆེན་པོ་ཞེ་དྲག་རེད། བོད་མིའི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་གཙོས་བོད་མིའི་སྒྲིག་འཛུགས། དེ་བཞིན་མི་ཐོག་རྒན་པ་རྣམས་ཀྱི་སྐུ་ལས་ལ་བརྟེན་ནས་ད་ཆ་ང་ཚོ་ཧྲ་ཏག་ཏག་ངང་གནས་ཐུབ་ཡོད། མང་ཚོགས་ནས་ཀྱང་རང་རིགས་ཀྱི་སྒྲིག་འཛུགས་ལ་གུས་བརྩི་བྱེད་དགོས་རྒྱུ་ཧ་ཅང་གལ་ཆེན་པོ་རེད། སྒྲིག་འཛུགས་ནི་ཧ་ཅང་གལ་ཆེན་པོ་ཡིན་སྟབས་བཀའ་དྲིན་བསམ་ཤེས་བྱེད་དགོས།
བོད་མི་རྣམས་ནས་བོད་དོན་འཐབ་རྩོད་ཐོག་གླེང་སློང་བྱེད་དགོས་པའི་འགན་ཡོད། ངེས་པར་དུ་དོ་སྣང་བྱེད་དགོས། མ་དགོས་པའི་སྤྱི་ཚོགས་ནང་ཁུལ་གྱི་རྙོག་གླེང་རྣམས་ལ་མགོ་འཐོམས་ནས་སྡོད་རྒྱུ་མེད། བོད་མི་ནང་ཁུལ་མཐུན་སྒྲིལ་བྱེད་དགོས། ད་ཆ་བོད་མིའི་མགོན་སྐྱབས་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་དགུང་ལོ་བགྲེས་པོ་ཆགས་པར་བརྟེན་ཕྱི་རྒྱལ་ཡུལ་གྲུ་ཁག་ལ་ཕེབས་ཐུབ་ཀྱི་མེད། ང་ཚོའི་ངོས་ནས་བོད་དོན་དང་བོད་ཀྱི་ཐུན་མིན་ཆོས་དང་རིག་གཞུང་། སྐད་ཡིག་ཐད་འགན་ཡོད་པའི་ཐོག་ནས་ཤུགས་སྣོན་རྒྱག་དགོས། ཅེས་དང་།
གཞན་ཡང་མུ་མཐུད་གསུང་དོན། རྒྱ་གར་ལྷོ་ཕྱོགས་མོན་གྷོ་འདོད་རྒུ་གླིང་བོད་མིའི་གཞིས་ཆགས་སུ་རྟེན་གཞི་བྱས་པའི་བྱེས་ཀྱི་གདན་ས་ཆེན་པོ་དགའ་ལྡན་རྣམ་པར་རྒྱལ་བའི་གླིང་གི་དགའ་ལྡན་བླ་སྤྱི་ནས་མགྲོན་འབོད་ཞུས་པ་ལྟར། རྗེ་ཙོང་པ་ཆེན་པོ་སྐུ་ཞི་བར་གཤེགས་ནས་མི་ལོ་ ༦༠༠ འཁོར་བའི་རྗེས་དྲན་གྱི་མཛད་སྒོ་དང་། བགྲོ་གླེང་། སྤྱི་ནོར་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་ལ་བརྟན་བཞུགས་བསྟར་འབུལ་ཞུ་རྒྱུ་བཅས་ཀྱི་ཆེད་མཉམ་ཞུགས་གནང་རྒྱུ་དང་།
ཕྱོགས་མཚུངས་མོན་གྷོ་འཕྲོད་བསྟེན་སྨན་ཁང་གི་ལས་ཤག་གསར་པ་དབུ་འབྱེད་གནང་རྒྱུ་ཐོག་ཕེབས་དགོས་ཀྱི་ཡོད་སྐོར་གསུང་བ་དང་། དགུན་ཚོང་དུ་ཕེབས་པའི་ཚོང་པ་རྣམས་ཚོང་ལམ་ལྷོངས་ཡོང་བ་ཤོག་ཅེས་སོགས་ཀྱི་གསུང་བཤད་གནང་གྲུབ་མཚམས་དཔལ་ལྡན་སྲིད་སྐྱོང་མཆོག་གིས་སྡོད་ཁང་འཛུགས་སྐྲུན་གྱི་ལས་གཞིའི་བརྒྱུད་རིམ་དང་འབྲེལ་ཡོད་ཨར་རྒྱག་བོགས་ལེན་པ་དང་། འཆར་འགོད་པ། ཁྱད་ལས་པ། དེ་བཞིན་ལས་གཞི་དང་འབྲེལ་བའི་རྒྱ་གར་བ་ཁག་གཅིག་ལ་ལེགས་གསོལ་ཕྱག་རྟགས་གནང་།
ཕྱོགས་མཚུངས་དཔལ་ལྡན་སྲིད་སྐྱོང་མཆོག་གིས་རྒྱན་ཐོབ་མཁན་དུད་ཚང་ཁག་གཅིག་གི་སྡོད་ཁང་དང་འབྲེལ་བའི་གན་ཡིག་གནང་།
མཐར་ལྡེ་ར་ལྡུན་ས་གནས་འགོ་འཛིན་ལས་ཁུངས་ཀྱི་ལས་དྲུང་བསྟན་འཛིན་བསོད་ནམས་ལགས་ཀྱིས་ཐུགས་རྗེ་ཆེ་ཞུའི་གསུང་བཤད་གནང་སྟེ་མཛད་སྒོ་གྲོལ་ཡོད། མཛད་སྒོའི་ཐོག་བྱང་ཕྱོགས་ས་གནས་ཁྲིབ་ཞིབ་པས་གཙོས་ས་གནས་འཐུས་ཚོགས། མ་སུ་རི་བོད་ཁྱིམ་གྱི་སྤྱི་ཁྱབ་འགན་འཛིན་གྱིས་དབུས་དྲུང་ཆེ་ལས་རོགས། གཞུང་དང་གཞུང་འབྲེལ་མ་ཡིན་པའི་ཚོགས་པ་ཁག་གི་སྐུ་ཚབ་སོགས་ལྷན་ཞུགས་གནང་འདུག་པ་བཅས། །