ཕྱི་ལོ་ ༢༠༡༩ ཟླ་ ༡༢ ཚེས་ ༧ རེས་གཟའ་སྤེན་པ།
༄༅། །ཕྱི་ལོ་ ༢༠༡༩ ཟླ་ ༡༢ ཚེས་ ༧ རེས་གཟའ་སྤེན་པ་ཉིན་འཕགས་ཡུལ་ཀིརྟིའི་བྱེས་པ་གྲ་ཚང་བཙུགས་ནས་མི་ལོ་ཧྲིལ་པོ་ཉེར་ལྔ་འཁོར་བའི་དུས་དྲན་མཛད་སྒོ་དང་བསྟུན་མཁས་པའི་བགྲོ་གླེང་ཐེངས་དང་པོ་དབུ་འབྱེད་མཛད་སྒོ་གཟབ་རྒྱས་ངང་སྐོང་ཚོགས་གནང་ཡོད།
སྐབས་དེར་མཛད་སྒོའི་སྐུ་མགྲོན་གཙོ་བོ་བོད་མིའི་སྒྲིག་འཛུགས་ཀྱི་དཔལ་ལྡན་སྲིད་སྐྱོང་བློ་བཟང་སེངྒེ་མཆོག་གིས་ཐོག་མར་བཀའ་ཤག་གི་འཚམས་འདྲི་དང་འབྲེལ་གསུང་བཤད་གནང་དོན། ཕྲན་ལྟ་བུར་མཚོན་ན། སྐྱབས་རྗེ་ཀིརྟི་རིན་པོ་ཆེ་ཡང་ཡང་མཇལ་མྱོང་ཡོད། སྐྱབས་རྗེ་ཀིརྟི་རིན་པོ་ཆེ་མཆོག་ནི། བོད་ཨ་མདོ་རྔ་པ་ཁུལ་ནས་ཡིན། ད་བར་ལས་དོན་གང་འདྲ་ཞིག་བྱས་པའི་སྐབས་བོད་མིའི་མགོན་སྐྱབས་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་བཀའ་དགོངས་གཞིར་བཟུང་ཕེབས་མཁན་ཞིག་དང་། བོད་སྤྱི་པའི་རྩ་དོན་སླད་ཐུགས་ཁུར་ཆེ་བཞེས་གནང་མཁན་གྱི་མི་སྣ་ཞིག་ཆགས་ཀྱི་ཡོད། བོད་ནང་རྒྱ་ནག་དམར་པོའི་གཞུང་གིས་སྲིད་བྱུས་ངན་པ་བོད་ཡུལ་རྒྱ་ཡུལ་དུ་འགྱུར་དང་བོད་མི་རྣམས་རྒྱ་མི་བཟོ་ཐབས་བྱེད་པའི་དམིགས་ཡུལ་འཛིན་ནས་ད་ཆ་ལོ་ངོ་ ༦༠ ཕྱིན་ཡོད།
འོན་ཀྱང་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་བཀའ་དགོངས་གཞིར་བཟུང་དང་ཐུགས་རྗེའི་བཀའ་དྲིན་ལ་བརྟེན་ནས་བཙན་བྱོལ་ནང་གི་དགོན་སྡེ་དང་གདན་ས་ཁག་བསྐྱར་གསོ་བྱེད་ཐུབ་པ་བྱུང་ཡོད། ཕྱོགས་མཚུགས་ཀིརྟི་བྱེས་པ་གྲྭ་ཚང་ལ་ཆ་མཚོན་ནའང་། དེ་རིང་འཕགས་ཡུལ་ཀི་རྟིའི་བྱེས་པ་གྲ་ཚང་བཙུགས་ནས་མི་ལོ་ཧྲིལ་པོ་ཉེར་ལྔ་འཁོར་ཐུབ་པ་ནི་ཧ་ལས་པའི་བྱས་རྗེས་ཆེན་པོ་ཞིག་རེད། གང་ཡིན་ཟེར་ན། ལས་འཆར་གང་ཡིན་རུང་ཆེས་ཐོག་མར་འགོ་འཛུགས་གནང་སྐབས་དཔལ་འབྱོར་དང་གང་ཅིའི་ཐད་ནས་ཧ་ཅང་དཀའ་ལས་ཁག་པོ་ཡོད་པ་དང་། དཀའ་ཚེགས་ལ་མ་འཛེམས་པར་རྒྱུན་འཛིན་གནས་ཐུབ་པར་བརྟེན་སྐྱབས་རྗེ་ཀིརྟི་རིན་པོ་ཆེ་མཆོག་གིས་གཙོས་ཀིརྟི་བྱེས་པ་གྲྭ་ཚང་ནང་ཕྱག་ལས་གནང་མཁན་ཡོངས་ལ་ངས་བསྔགས་བརྗོད་ཞུས་པ་དང་སྦྲགས། དམིགས་བསལ་གོང་དུ་རིན་པོ་ཆེ་མཆོག་གིས་ལས་བསྡོམས་ནང་སྙན་སྒྲོན་ཞུས་པ་ལྟར། བོད་ནང་རིན་པོ་ཆེ་མཆོག་གིས་ཐུགས་ཁུར་རྐང་བཞེས་ཀྱིས་ཀིརྟི་བྱེས་པ་གྲྭ་ཚང་དགོན་པའི་ཡན་ལག་ཁག་གི་ནང་དགོན་པའི་བསླབ་གཞི་སློབ་ཁྲིད་དང་སྒྲིག་འཛུགས། ཀློག་དེབ་ལ་སོགས་གང་ཅིའི་ཐད་ནས་ཐུགས་ཁུར་བཞེས་རྗེས་བརླབས་ཆེན་གྱི་གྲུབ་འབྲས་སྨིན་ཐུབ་པ་དེར་བསྔགས་བརྗོད་ཞུ་རྒྱུ་ཡིན། གཞི་རྩའི་བོད་ཆོལ་ཁ་གསུམ་ནང་བོད་ཀྱི་རྩ་དོན་སླད་སྐུ་ལས་སྐྱོན་མཁན་དང་། ལུས་སྲོག་བློས་གཏོང་བྱེད་མཁན་ཧ་ཅང་མང་པོ་བྱུང་ཡོད། རྒྱ་ནག་གཞུང་གིས་བོད་ནང་དམ་བསྒྲགས་ཅན་གྱི་སྲིད་བྱུས་ལག་བསྟར་བྱས་པར་བརྟེན་བོད་མི་ ༡༥༤ ནས་རང་ལུས་མེར་སྲེག་གནང་ཡོད།
དེའི་ཁོངས་ནས་བོད་ཨ་མདོ་རྔ་པ་ཁུལ་ནས་རང་སྲེག་ལས་འགུལ་བའི་རྒྱལ་གཅེས་པ་མང་པོ་བྱུང་ཡོད། བོད་ཨ་མདོ་རྔ་པ་ཁུལ་དེ་ཉེ་བའི་ཆར་ནས་སྙིང་སྟོབས་ཅན་དང་སེམས་ཤུགས་ཅན། དེ་བཞིན་མུ་མཐུད་བོད་ཀྱི་རྩ་དོན་རྩོད་མཁན་ཞིག་ཆགས་ཀྱི་ཡོད་སྟབས་ང་ཚོས་ཀྱང་དེ་ལྟར་ངོས་འཛིན་དགོས། ཁུལ་དེར་གནས་མཁན་རྣམས་ལ་ཀིརྟི་གྲྭ་ཚང་ནས་ཆོས་ཕྱོགས་ཙམ་མ་ཟད། རིག་གནས་ལ་སོགས་ཀྱི་ཐད་འབད་བརྩོན་གནང་དང་གནང་མུས་རེད། དེ་རྣམས་ང་ཚོས་མ་རྗེད་པ་གནང་དགོས།
གོང་དུ་རིན་པོ་ཆེ་མཆོག་གིས་གསུང་པ་ལྟར། དཔེ་དེབ་མང་པོ་ཞིག་རིན་པོ་ཆེ་རང་ངོས་ནས་བརྩམས་གནང་བ་དང་སྦྲགས་པར་སྐྲུན་ཡང་གནང་ཡོད་འདུག རིན་པོ་ཆེ་མཆོག་གིས་ཕྲན་རང་ལ་དཔེ་དེབ་དེ་དག་ངོ་སྤྲོད་གནང་བྱུང་། དེ་རྗེས་ཆོས་ཤེས་གཉིས་ཀྱི་བཀའ་བློན་དང་ལྷན་དུ་བཀའ་བསྡུར་གནང་བའི་སྐབས་སློབ་གྲྭ་དང་དགོན་སྡེ་ཁག་གི་ནང་དཔེ་དེབ་དེས་ཐུགས་ཕན་གསོས་པ་ཞིག་ཡོང་ངེས་རེད། ཅེས་དང་།
གཞན་ཡང་དེ་རིང་མཁས་པའི་བགྲོ་གླེང་ཐེངས་དང་པོའི་ཐོག་ལམ་སྟོན་གནང་དགོས་བཀའ་སློབ་ཕེབས་པ་ལྟར། གཞི་རྩའི་མཛད་སྒོའི་ཐོག་ཆོས་ཕྱོགས་ཀྱི་མཁས་དབང་མང་པོའི་དཀྱིལ་དུ་ང་མི་སྐྱ་བོ་ཆོས་རྩ་ནས་མི་ཤེས་མཁན་ཞིག་གི་ལམ་སྟོན་རྩ་བ་ཉིད་ནས་ཞུ་ཐུབ་རྒྱུ་མ་རེད།
ང་ཚོའི་མཁས་པ་རྣམ་པས་ནང་པ་སངས་རྒྱས་པའི་ཆོས་ལུགས་དེའི་སྤྱི་ལ་ཕན་ཐོགས་ཆེན་པོ་བྱུང་ཚུལ་ཐད་གཞན་ལ་སློབ་གསོའམ་ལམ་སྟོན་བྱེད་དགོས། དེའི་ཐོག་ལ་བོད་མིའི་མགོན་སྐྱབས་མཆོག་གི་བཀའ་སློབ་ལམ་སྟོན་གཞིར་བཟུང་བཀའ་འགྱུར་དང་བསྟན་འགྱུར་ལ་མཚོན་ན་དབྱེ་བ་གསུམ་དུ་ཕྱེ་ནས། ནང་པའི་ཆོས། ནང་པའི་ཚན་རིག ནང་པའི་ལྟ་གྲུབ་བཅས་ཡོད། འཛམ་གླིང་སྐྱེ་འགྲོ་ཀུན་ལ་ནང་པའི་ཚན་རིག་དང་ནང་པའི་ལྟ་གྲུབ་གཉིས་ཀྱི་ཐོག་ནས་ཆོས་མེད་མཁན་རྣམས་ལའང་ཕན་ཐོགས་བྱེད་ཐུབ། ཅེས་སོགས་ཀྱི་གསུང་བཤད་གནང་འདུག །