ཕྱི་ལོ་ ༢༠༡༩ ཟླ་ ༡༢ ཚེས་ ༢༦ རེས་གཟའ་ཕུར་བུ།
༄༅། །འདི་གར་ཚོགས་དྲུང་ལས་ཁུངས་ནས་བཏང་གནས་ནང་འཁོད་དོན། ཕྱི་ལོ་ ༢༠༡༩ ཟླ་ ༡༢ ཚེས་ ༢༦ ཉིན་རྒྱ་གར་བོད་དོན་རྒྱབ་སྐྱོར་ཚོགས་པའི་ Core Group for Tibetan Cause གོ་སྒྲིག་འོག་ནུབ་བྷེང་གྷལ་མངའ་སྡེའི་རྒྱལ་ས་ཀོལ་ཀ་ཊར་ Kolkata རྒྱ་གར་གྱི་རང་དབང་འཐབ་རྩོད་པ་གྲགས་ཅན་སྐུ་ཞབས་ཛཱཡཱ་པྲ་ཀཱཤ་ན་ར་ཡན་ Jai Prakash Narayan མཆོག་གི་གཙོ་སྐྱོང་འོག་ཕྱི་ལོ་ ༡༩༥༩ ཟླ་ ༥ ཚེས་ ༣༠ དང་། ༣༡ བཅས་ཉིན་གཉིས་རིང་རྒྱ་དམར་གྱིས་བོད་ས་བཙན་འཛུལ་བྱས་པར་ངོ་རྒོལ་ཆེད་རྒྱ་གར་རྒྱལ་ཡོངས་བོད་དོན་ལྷན་ཚོགས་བསྐོང་ཚོགས་གནང་ནས་ད་བར་ལོ་ངོ་ ༦༠ འཁོར་བའི་རྗེས་དྲན་མཛད་སྒོའི་ཐོག་དཔལ་ལྡན་བོད་མི་མང་སྤྱི་འཐུས་ཚོགས་གཙོ་པདྨ་འབྱུང་གནས་མཆོག་དམིགས་བསལ་སྐུ་མགྲོན་དུ་གདན་ཞུས་ལྟར་ཆེད་ཕེབས་གནང་ཡོད།
སྐབས་དེར་དཔལ་ལྡན་ཚོགས་གཙོ་མཆོག་གིས་གསུང་བཤད་གནང་དོན། ང་རང་རྒྱ་གར་རྒྱལ་ཡོངས་བོད་དོན་ལྷན་ཚོགས་བསྐོང་ཚོགས་གནང་ནས་ལོ་ངོ་ ༦༠ འཁོར་བའི་རྗེས་དྲན་མཛད་སྒོའི་ཐོག་བཅར་རྒྱུ་བྱུང་བར་དགའ་སྤོབས་ཆེན་པོ་བྱུང་། ངས་གཞིས་བྱེས་བོད་མི་ཡོངས་དང་། བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་ཚབ་ཞུས་ཏེ། རྒྱ་གར་གཞུང་མང་གཉིས་དང་། ལྷག་པར་དུ་རྒྱ་གར་བོད་དོན་རྒྱབ་སྐྱོར་ཚོགས་པའི་ཚོགས་མི་རྣམ་པས་ད་བར་བོད་ཀྱི་བདེན་པའི་འཐབ་རྩོད་ཐོག་མུ་མཐུད་རྒྱབ་སྐྱོར་གནང་བར་ཐུགས་རྗེ་ཆེ་ཞེས་ཞུ་རྒྱུ་ཡིན། ང་ཚོའི་ཕ་ཡུལ་གཉིས་པའི་སྤུན་གྲོགས་རྣམ་པའི་ངོས་ནས་བོད་དོན་ཐོག་ཁ་ཡོད་ལག་ཡོད་དང་། བློས་འགེལ་ཐུབ་པའི་རྒྱབ་སྐྱོར་ཡོད་པ་ནི་བསྐལ་པ་བཟང་པོ་ཡིན་པ་དང་། ཁྱེད་རྣམ་པས་ལྷག་བསམ་རྣམ་དག་ཐོག་རྒྱབ་སྐྱོར་གནང་བར་བརྟེན་ནས་ང་ཚོ་བཙན་བྱོལ་དུ་སླེབས་ནས་ལོ་ངོ་ ༦༠ ཕྱིན་པའི་རྗེས་སུའང་བོད་ཀྱི་གནད་དོན་གསོན་པོར་གནས་ཐུབ་པ་བྱུང་ཡོད།
རྒྱ་གར་བོད་དོན་རྒྱབ་སྐྱོར་ཚོགས་པ་ནི་བོད་ཀྱི་རྩ་དོན་ཐོག་རྒྱབ་སྐྱོར་དང་། རྒྱ་གར་མི་མང་དང་འཛམ་གླིང་ཡོངས་ལ་བོད་དོན་སྐོར་གོ་རྟོགས་སྤེལ་རྒྱུའི་ཆེད་ཕྱི་ལོ་ ༢༠༠༢ ལོར་རྒྱ་གར་ནང་བཙུགས་པའི་ཚོགས་པ་ཞིག་ཡིན་ཞིང་། དེ་ནི་རྒྱ་གར་རྒྱལ་ཡོངས་ནང་གི་བོད་དོན་རྒྱབ་སྐྱོར་ཚོགས་པ་ཁག་གི་འབྲེལ་མཐུད་ལས་ཁུངས་མཐོ་ཤོས་ཡིན། དེས་བོད་དང་བོད་མིའི་འཐབ་རྩོད་ཐོག་རྒྱབ་སྐྱོར་སླད་རྒྱ་གར་ནང་ལས་འགུལ་སྤེལ་རྒྱུའི་ཐོག་འབྲེལ་མཐུད་དང་། ལམ་སྟོན། འཆར་གཞི་བཟོ་རྒྱུ། སྣེ་འཁྲིད་སོགས་གནང་བཞིན་ཡོད། ཚོགས་པ་དེར་རྒྱ་གར་བྱང་ཕྱོགས་དང་། ཤར་ཕྱོགས། ནུབ་ཕྱོགས། ལྷོ་ཕྱོགས། བྱང་ཤར། ནུབ་དབུས། རྒྱལ་ས་ལྡི་ལི་བཅས་རྒྱ་གར་ས་ཆ་འདྲ་མིན་ལ་འབྲེལ་མཐུད་ལས་ཁུངས་ཡོད་པ་མ་ཟད། བོད་དོན་དང་འབྲེལ་བའི་སྡུད་འཛོམས་དང་། ལྷན་ཚོགས། བགྲོ་གླེང་ཚོགས་འདུ། ཞི་བའི་གོམ་བགྲོད་སོགས་ཁྱད་དུ་འཕགས་པའི་ལས་འགུལ་མང་པོ་ཞིག་སྤེལ་བཞིན་ཡོད། ཁྱེད་རྣམ་པས་རྒྱབ་སྐྱོར་གནང་བར་ང་ཚོས་བཀའ་དྲིན་ཤིན་ཏུ་ཆེ་ཞེས་ཞུ་རྒྱུ་ཡིན། ཁྱེད་རྣམ་པའི་རྒྱབ་སྐྱོར་ལ་བརྟེན་ནས་བོད་ཀྱི་གནད་དོན་གསོན་པོར་གནས་ཡོད་པ་ཙམ་མ་ཟད། ཛ་དྲག་ངང་གནས་ཡོད་པ་དང་། སྤྱི་ནོར་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་བཞུགས་པའི་སྐབས་བོད་ཀྱི་གནད་དོན་གསལ་རྒྱུར་རྒྱལ་སྤྱིའི་རྒྱབ་སྐྱོར་དགོས་པའི་བརྡ་ལན་ཞིག་ཀྱང་སྤྲོད་ཀྱི་ཡོད།
གཞན་ཡང་རྒྱ་གར་བོད་དོན་རྒྱབ་སྐྱོར་ཚོགས་པས་དེ་རིང་བོད་ཀྱི་འཐབ་རྩོད་ཐོག་སྐུ་ཚེ་ཧྲིལ་པོར་རྒྱབ་སྐྱོར་གནང་མཁན་གྱི་མི་སྣ་ཁག་ལ་ཆེ་བསྟོད་འབུལ་རྒྱུའི་དམིགས་ཡུལ་གཙོ་བོར་བཟུང་ནས་རྒྱ་གར་རྒྱལ་ཡོངས་བོད་དོན་ལྷན་ཚོགས་བསྐོང་ཚོགས་གནང་སྟེ་ལོ་ངོ་ ༦༠ འཁོར་བའི་རྗེས་དྲན་མཛད་སྒོ་གལ་ཆེན་འདི་འདྲ་ཞིག་འཚོགས་པར་ཡི་རངས་བསྔགས་བརྗོད་ཞུ་རྒྱུ་ཡིན། རྒྱ་གར་རྒྱལ་ཡོངས་བོད་དོན་ལྷན་ཚོགས་དེ་བཞིན་༧གོང་ས་མཆོག་རྒྱ་གར་ལ་བཙན་བྱོལ་དུ་ཞབས་སོར་འཁོད་མ་ཐག་འཚོགས་ཤིང་། དེ་ཡང་རྒྱ་གར་ནུབ་བྷེང་གྷལ་མངའ་སྡེའི་རྒྱལ་ས་ཀོལ་ཀ་ཊར་རྒྱ་གར་གྱི་རང་དབང་འཐབ་རྩོད་པ་གྲགས་ཅན་སྐུ་ཞབས་ཇཡཱ་པྲ་ཀཱཤ་ན་ར་ཡན་ Shri.Jai Prakash Narayan དམ་པ་མཆོག་གིས་གཙོ་སྐྱོང་འོག་ཕྱི་ལོ་ ༡༩༥༩ ཟླ་ ༥ ཚེས་ ༣༠ དང་། ༣༡ བཅས་ཉིན་གཉིས་རིང་འཚོགས་འདུ་བསྐོང་ཚོགས་གནང་ཡོད།
སྐུ་ཞབས་ཇཡཱ་ པྲ་ཀཱཤ་ ན་ར་ཡན་མཆོག་ནི་རྒྱ་གར་རང་བཙན་འཐབ་རྩོད་པ་ཞིག་དང་། སྤྱི་ཚོགས་རིང་ལུགས་པ། ཆབ་སྲིད་ཀྱི་འགོ་འཁྲིད་ཅིག་ཡིན་པ་མ་ཟད། དམ་པ་ཁོང་གིས་སྤྱི་ཚོགས་ཞབས་ཞུའི་ཕྱག་ལས་གནང་བར་ཆེ་བསྟོད་ཀྱིས་རྒྱ་གར་མི་སེར་གྱི་གཟེངས་རྟགས་མཐོ་ཤོས་བྷཱ་རཏ་རཏྣཱ་ Bharat Ratna award ཐོབ་གནང་ཡོད། ཁོང་ནི་ཕྱི་ལོ་ ༡༩༥༠ ལོ་སྟོད་ལ་རྒྱ་དམར་གཞུང་གིས་བོད་ས་བཙན་འཛུལ་བྱེད་འགོ་བཙུགས་པའི་སྐབས་ནས་བོད་ཀྱི་གནད་དོན་སྐོར་གླེང་མཁན་རྒྱ་གར་བ་གྲགས་ཅན་ཞིག་ཡིན། དམ་པ་ཁོང་གིས་རྒྱ་དམར་གཞུང་གིས་བོད་ས་ཁྲིམས་འགལ་ཐོག་བཙན་འཛུལ་བྱེད་སྐབས་མཐའ་གཅིག་ཏུ་ངོ་རྒོལ་གྱིས་གསུང་དོན། “བོད་ནང་གི་གནས་སྟངས་དེས་ཨེ་ཤི་ཡའི་མི་མང་སྤྱི་དང་། ལྷག་པར་དུ་ང་ཚོ་རྒྱ་གར་ནང་ལ་སེམས་འཚབ་ཆེན་པོ་སྐྱེ་དགོས་ཀྱི་རེད་ཅེས་གསུངས་གནང་ཡོད།” དེས་མ་ཟད། ཁོང་གིས་བོད་ཡུལ་འདི་ཉིད་རྒྱ་ནག་གི་ཆ་ཤས་མིན་པ་དང་། རྒྱ་གར་གྱིས་བོད་ཀྱི་ཚབ་བྱས་ཏེ་རྒྱ་ནག་གཞུང་ལ་དམག་བརྒྱབ་རྒྱུར་འདོད་པ་མེད་ཀྱང་། རང་གི་ཁྱིམ་མཚེས་རྒྱལ་ཁབ་བོད་ལ་རྒྱ་དམར་གྱིས་ཁྲིམས་འགལ་ཐོག་བཙན་བཟུང་བྱས་པའི་གནས་སྟངས་གང་བྱུང་བའི་ཐོག་རྒྱ་གར་གྱིས་དྲང་པོ་བྱེད་དགོས་སྐོར་ཚོར་ཤུགས་ཆེན་པའི་ཐོག་གསུངས་གནང་ཡོད། གཞན་ཡང་། སྐུ་ཞབས་ཁོང་གིས་རྒྱ་དམར་གྱིས་བོད་ས་ཡོངས་རྫོགས་ཧམ་བཟུང་བྱས་པར་ཞི་རྒོལ་བྱེད་མཁན་གྱི་ཉེས་མེད་བོད་མི་ཁྲི་ཕྲག་མང་པོའི་ཚེ་སྲོག་འཕྲོག་པ་སོགས་ཀྱི་ཛ་དྲག་གི་དོན་རྐྱེན་རྣམས་རྒྱལ་སྤྱིའི་མདུན་དུ་འཁྱེར་ཏེ་འཛམ་གླིང་མཉམ་སྦྲེལ་རྒྱལ་ཚོགས་ལ་ཞུ་སྐུལ་གནང་ནས་སྟོབས་ཆེན་རྒྱ་དམར་གཞུང་གི་ཁྲིམས་འགལ་བྱ་སྤྱོད་ལ་མཉམ་སྦྲེལ་རྒྱལ་ཚོགས་ངོས་ནས་ཐེ་བྱུས་བྱེད་དགོས་པའི་འབོད་སྐུལ་ཞུ་དགོས་སྐོར་གསུངས་པ་དང་། དེ་བཞིན་ཁོང་གིས་གསུང་དོན། “རང་དབང་ལ་དགའ་བའི་མི་སྒེར་ཚང་མས་དངོས་ཡོད་གནས་སྟངས་དྲང་པོ་ཤོད་ཐུབ་དགོས། བྱས་ཙང་ང་ཚོས་དམའ་མཐར་ཡང་ཁྱིམ་མཚེས་སྟོབས་ཆེན་རྒྱལ་ཁབ་ཀྱིས་ཉམ་ཆུང་རྒྱལ་ཁབ་ལ་བཙན་དབང་ཐོག་རང་དབང་འཕྲོག་ཡོད་པ་ཁས་ལེན་གཙང་མ་བྱེད་དགོས། ང་ཚོས་གཡོ་འགུལ་སྤུ་ཙམ་མེད་པའི་ཐོག་ནས་དམར་ཤོག་གི་གཡོ་བྱུས་རྫུན་རྐུབ་བརྟོལ་དགོས།” ཞེས་དང་། དེ་བཞིན་བོད་ནི་དཔལ་འབྱོར་དང་སྤྱི་ཚོགས་ཐོག་ནས་རྗེས་ལུས་ཅན་གྱི་རྒྱལ་ཁབ་ཅིག་ཡིན་ཡང་། རྒྱལ་ཁབ་སུ་ཞིག་ལའང་རྒྱལ་ཁབ་གཞན་ཞིག་ཡར་རྒྱས་གཏང་རྒྱུར་བཙན་འགེལ་བྱ་རྒྱུའི་ཐོབ་ཐང་མེད་སྐོར་དང་། རྒྱལ་ཁབ་ཚང་མར་སོ་སོའི་འཚོ་བ་སྐྱེལ་སྟངས་ཐོག་གདམ་ཁ་བྱ་རྒྱུའི་གཞི་རྩའི་ཐོབ་ཐང་ཡོད་པ། དེར་བརྟེན་རྒྱལ་ཁབ་ཡོངས་དང་། དམིགས་བསལ་རྒྱ་གར་ངོས་ནས་སྟོབས་ཆེན་རྒྱལ་ཁབ་ཀྱིས་བཙན་འཛུལ་བྱུང་བའི་ཉམ་ཆུང་རྒྱལ་ཁབ་ལ་རྒྱབ་སྐྱོར་བྱས་ཏེ། སླད་ཕྱིན་གདུག་རྩུབ་དང་། བཙན་འཛུལ་དེ་འཛམ་གླིང་གི་རླབས་རྒྱུན་དུ་མི་འགྱུར་བ་བྱ་དགོས་པ་ནི་བཟང་སྤྱོད་ཀྱི་འགན་འཁྲི་ཡིན་སྐོར་གསུངས་གནང་ཡོད། སྐུ་ཞབས་ཇཡཱ་ པྲ་ཀཱཤ་ ན་ར་ཡན་མཆོག་གི་སེམས་ཤུགས་དང་ལྷག་བསམ་གཡོ་བ་མེད་པའི་འོག ཀོལ་ཀ་ཊར་རྒྱ་གར་རྒྱལ་ཡོངས་བོད་དོན་ལྷན་ཚོགས་འཚོགས་པར་བརྟེན། ད་ཆ་རྒྱ་གར་ནང་བོད་དོན་རྒྱབ་སྐྱོར་ཚོགས་པ་གྲངས་ལས་འདས་པ་ཞིག་བཙུགས་ཐུབ་ཡོད་པ་དང་། ཚོགས་པ་དེ་དག་གིས་འབད་བརྩོན་ལྷོད་མེད་ཀྱིས་ལས་འགུལ་རིམ་པ་སྤེལ་ཏེ་བོད་ཀྱི་བདེན་པའི་འཐབ་རྩོད་ཐོག་རྒྱབ་སྐྱོར་གནང་བཞིན་ཡོད།
ཕྱི་ལོ་ ༡༩༥༩ ལོར་ཀོལ་ཀ་ཊའི་ཚོགས་ཆེན་ཐོག་གི་གྲོས་ཆོད་ནང་། རྒྱ་དམར་གྱིས་བཙན་འཛུལ་འོག་དཀའ་སྡུག་ཚད་མེད་མྱོང་ཡོད་པའི་བོད་མིར་གདུང་སེམས་མཉམ་སྐྱེད་དང་། བོད་དང་རྒྱ་ནག་དབར་གྱི་གྲོས་མཐུན་དོན་ཚན་བཅུ་བདུན་ཞེས་པ་དེ་རྒྱ་ནག་དམར་ཤོག་གིས་བཙན་ཤེད་དང་གནོན་ཤུགས་འོག་བཞག་པ་ཞིག་ཡིན་སྟབས། ༧གོང་ས་མཆོག་དང་། བོད་མི་ཁྲི་ཚོ་བརྒྱད་ཙམ་རྒྱ་གར་ལ་བཙན་བྱོལ་དུ་ཕེབས་དགོས་བྱུང་སྐོར་སོགས་ཁ་གསལ་འཁོད་ཡོད་པ་མ་ཟད། རྒྱ་གར་གཞུང་གིས་མ་བསྐུལ་དང་བླངས་ཐོག་༧གོང་ས་མཆོག་དང་། བོད་མི་ཁྲི་ཚོ་བརྒྱད་ཙམ་ལ་རྒྱ་གར་ནང་ཆབ་སྲིད་ཀྱི་སྐྱབས་བཅོལ་གནང་བར་བསྔགས་བརྗོད་ཞུས་གནང་ཡོད། ཀོལ་ཀ་ཊའི་ཚོགས་ཆེན་ཐོག་ ༡) འཛམ་གླིང་སྤྱི་དང་། ལྷག་པར་དུ་ཨེ་ཤི་ཡ་དང་། ཨ་ཕི་རི་ཀའི་རྒྱལ་ཁབ་ཁག་གི་ནང་རྒྱལ་སྤྱིའི་བསམ་ཚུལ་ཁག་སླེབས་ཐུབ་ཐབས་བྱ་རྒྱུ་དང་། ༢) བོད་ནང་འགྲོ་བ་མིའི་ཐོབ་ཐང་རྡོག་རོལ་བཏང་བ། དཔེར་ན་དགོན་སྡེ་གཏོར་བཤིག་སོགས་ཀྱི་སྙན་ཐོ་འགོད་རྒྱུར་བར་གནས་རྒྱལ་ཁབ་ཁག་གི་རྒྱལ་སྤྱིའི་ཚོགས་ཆུང་ཞིག་འཛུགས་རྒྱུའི་གྲ་སྒྲིག་བྱ་རྒྱུ། སོགས་གཞན་དམིགས་ཡུལ་བཅས་ཀྱི་ཆེད་སྐབས་དེའི་ཚོགས་ཆེན་གྱི་ཚོགས་གཙོ་སྐུ་ཞབས་ཇཡཱ་ པྲ་ཀཱཤ་ ན་ར་ཡན་མཆོག་ལ་ཨ་ཕི་རི་ཀ་དང་ཨེ་ཤི་ཡའི་བོད་དོན་ལྷན་ཚོགས་Afro-Asian Committee on Tibet འཛུགས་རྒྱུའི་འགན་དབང་སྤྲད་གནང་ཡོད། སྐུ་ཞབས་ཇཡཱ་པྲ་ཀཱཤ་ན་ར་ཡན་མཆོག་དང་ལྷན། སྐུ་ཞབས་ཨེཇ་ཨར་པ་ཊཡེ་ལ་ Shri.H.R.Patiala མཆོག སྐུ་ཞབས་སོང་ར་གྷུ་ Shri.Song Raghu མཆོག་བཅས་ལ་ཨ་ཕི་རི་ཀ་དང་ཨེ་ཤི་ཡའི་བོད་དོན་ལྷན་ཚོགས་དེ་བརྒྱུད་བོད་ཀྱི་གནད་དོན་རྒྱལ་སྤྱིའི་ཐོག་སླེབས་ཐབས་དང་། བོད་མི་དང་། བོད་ཀྱི་རྩ་དོན་ཐོག་རྒྱབ་སྐྱོར་གང་མང་ཐོབ་ཐབས་ཡོང་བ་བྱ་རྒྱུ་བཅས་ཀྱི་ལས་འགན་སྤྲད་ཡོད། ཕྱི་ལོ་ ༡༩༦༠ ཟླ་ ༤ པའི་ནང་སྐུ་ཞབས་ཇཡཱ་པྲ་ཀཱཤ་ན་ར་ཡན་མཆོག་གིས་རྒྱལ་ས་ལྡི་ལིར་ཚོགས་ཆེན་ཞིག་བསྐོང་ཚོགས་གནང་ཞིང་། སྐབས་དེར་བོད་ནང་གི་ཛ་དྲག་གནས་སྟངས་འཛམ་གླིང་ཐོག་ཁྱབ་བསྒྲགས་དང་། ཚོགས་ཆེན་དེའི་ཐོག་ཨ་ཕི་རི་ཀ་དང་ཨེ་ཤི་ཡའི་བོད་དོན་ལྷན་ཚོགས་བཙུགས་གནང་ཡོད། དེ་བཞིན་ཕྱི་ལོ་ ༡༩༦༠ ནང་འཛམ་གླིང་རྒྱལ་སྤྱིའི་ཚོགས་འདུའི་ World Assembly ཐོག་བོད་དོན་ཞུ་སྐུལ་ལ་རྒྱབ་སྐྱོར་ཐོབ་ཐབས་སླད་ལྷན་ཚོགས་ཀྱི་སྐུ་ཚབ་ཨ་རིའི་གྲོང་ཁྱེར་ནེའུ་ཡོག་ཏུ་བཏང་གནང་ཡོད། སྐུ་ཞབས་ཇཡཱ་པྲ་ཀཱཤ་ན་ར་ཡན་མཆོག་གིས་བོད་ཀྱི་བདེན་པའི་འཐབ་རྩོད་ལ་ལྷག་བསམ་གཡོ་བ་མེད་པའི་ཐོག་ནས་རྒྱབ་སྐྱོར་གནང་བ་ནི་ང་ཚོར་ཤིན་ཏུ་བཀའ་དྲིན་ཆེན་པོ་ཡིན་པ་དང་། ང་ཚོར་གྲོགས་པོ་ངོ་མ་ཁོང་ལྟ་བུ་ཞིག་བྱུང་བ་ནི་བསོད་ནམས་ཆེན་པོ་ཡིན།
གཞན་ཡང་བོད་མི་རྣམས་ལ་རྒྱ་གར་གྱི་རླབས་ཆེན་དབུ་འཁྲིད་མང་པོས་རྒྱབ་སྐྱོར་གནང་བ་ནི་དགའ་སྤོབས་བྱེད་ཀྱི་ཡོད། འོན་ཀྱང་དེ་རིང་དུས་ཚོད་ཀྱི་རྐྱེན་པས། ངས་དེའི་ཁྲོད་ནས་འགའ་ཞིག་གི་མཚན་སྨོས་ན། སྐུ་ཞབས་རཱཇེནྡྲ་པྲཱ་སཱད་ Shri. Dr. Rajendra Prasad མཆོག་དང་། སྐུ་ཞབས་སར་ཌར་པཱ་ཊེལ་ Shri. Sardar Vallabhai Patel མཆོག སྐུ་ཞབས་རམ་མ་ནོ་ཧར་ལོ་ཧིཡ་ Shri. Dr. Ram Manohar Lohia མཆོག སྐུ་ཞབས་ཨཅྰརྱུ་ཇེ་བྷི་ཀིརི་པ་ལ་ནི་ Shri. Acharya J.B. Kripalani མཆོག སྐུ་ཞབས་པན་ཌི་དྷིན་དྷ་ཡལ་ཨུ་པ་དྷ་ཡ་ Shri. Pandit Deen Dayal Upadhaya མཆོག སྐུ་ཞབས་བྷིམ་རའོ་ ཨམ་བྷེ་ཊི་ཀར་ Shri. Baba Saheb Dr. Bhim Rao Ambedkar མཆོག སྐུ་ཞབས་ཨེམ་ཝི་ཀ་མ་ཏི་ Shri. M.V. Kamath མཆོག སྐུ་ཞབས་ཨ་ཤོག་མེ་ཐ་ Shri. Ashok Mehta མཆོག སྐུ་ཞབས་ཨེམ་སི་ཅག་ལ་ Shri. MC Chakla མཆོག སྐུ་ཞབས་ཨ་ཊལ་བྷི་ཧཱ་རི་བྷ་ཇི་པ་ཡེ་ Shri. Atal Bihari Vajpayee མཆོག སྐུ་ཞབས་ཇོར་ཇ་ཕར་ནན་ཌེས་ Shri. George Fernandes མཆོག་བཅས་དང་། གཞན་མི་སྣ་མང་དག་ཅིག་གིས་རྒྱ་གར་གྲོས་ཚོགས་ཕྱི་ནང་གཉིས་སུ་རྒྱ་དམར་གྱིས་ཁྲིམས་འགལ་ཐོག་བོད་ས་དབང་སྒྱུར་བྱས་པའི་སྐོར་གསལ་པོར་བརྗོད་ཡོད། ཡིད་སྐྱོ་བ་ཞིག་ལ་གོང་གི་ང་ཚོའི་གྲོགས་པོ་ཡག་པོ་རྣམས་ད་ཆ་ང་ཚོ་དང་མཉམ་དུ་བཞུགས་མེད་ཀྱང་། ང་ཚོ་བོད་པའི་མི་རབས་གསར་པ་ཚོས་ཁོང་རྣམས་ཀྱི་བཀའ་དྲིན་དང་། རྒྱབ་སྐྱོར་གནང་བ་རྣམས་དུས་ནམ་ཡང་བརྗེད་མེད་པ་དང་། ཁོང་རྣམས་གང་མགྱོགས་སྐྱེ་བར་ལེན་རྒྱུར་སྨོན་འདུན་ཞུ་བཞིན་ཡོད།
གོང་གསལ་ཕུལ་བྱུང་གི་དབུ་འཁྲིད་རྣམ་པའི་བཀའ་དྲིན་དང་། ཁྱད་དུ་འཕགས་པའི་དགོངས་བཞེས་འོག་ང་ཚོའི་བློས་འགེལ་ཐུབ་པའི་རྒྱ་གར་གྱི་གྲོགས་པོ་རྣམ་པས་དུས་ད་བར་མུ་མཐུད་བོད་ཀྱི་གནད་དོན་གསལ་ཐབས་སླད་རྒྱབ་སྐྱོར་ཤུགས་ཆེ་གནང་བཞིན་ཡོད། ཁྱེད་ཚོའི་རྒྱབ་སྐྱོར་འོག་བོད་ཀྱི་འཐབ་རྩོད་ཀྱི་ནུས་པ་སྔར་ལྷག་ཆེ་བའི་ཐོག་ནས་འཛམ་གླིང་གི་སྟོབས་ཆེན་རྒྱལ་ཁབ་གཅིག་ལ་ཁ་གཏད་གཅོག་བཞིན་ཡོད། འདས་པའི་ལོ་ངོ་དྲུག་ཅུའི་ནང་རྒྱ་གར་གྱི་གྲོགས་པོ་ཚང་མས་རྒྱབ་སྐྱོར་བརྟན་པོ་གནང་མེད་ན། ང་ཚོའི་གནད་དོན་རྒྱལ་སྤྱིའི་སྡིངས་ཆའི་ཐོག་ད་ལྟའི་གནས་ཚད་ལ་སླེབས་མི་སྲིད་པ་མ་ཟད། མུ་མཐུད་གསོན་པོར་ཀྱང་གནས་མི་སྲིད། ང་ཚོར་དཀའ་སྡུག་ཆེ་བའི་དུས་སུ་རྒྱ་གར་གཞུང་མང་གིས་རྒྱ་གར་ནང་ཆབ་སྲིད་ཀྱི་སྐྱབས་བཅོལ་གནང་སྟེ། བོད་པའི་སྐད་ཡིག་དང་། ཆོས། རིག་གཞུང་བཅས་སྲུང་སྐྱོབ་བྱ་རྒྱུའི་རང་དབང་ཆ་ཚང་གནང་བ་བཅས་ལ་ང་ཚོས་སྙིང་ཐག་པ་ནས་ཐུགས་རྗེ་ཆེ་ཞུ་རྒྱུ་ཡིན། རྒྱ་གར་ནི་ང་ཚོའི་ཁྱིམ་ཚང་གཉིས་པ་ལྟ་བུ་དང་། རྒྱ་གར་གཞུང་གིས་ང་ཚོར་ཉེན་ཁ་མེད་པའི་སྲུང་སྐྱོབ་གནང་བ་བཅས་རྒྱ་གར་གཞུང་མང་གཉིས་ནི་བོད་པའི་མི་རབས་རྒན་གཞོན་བཅས་ཚང་མར་ནམ་ཡང་བཀའ་དྲིན་ཆེན་པོ་ཡིན།
ཕྱི་ལོ་ ༡༩༧༠ རྗེས། སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་རླབས་ཆེན་གྱི་དགོངས་བཞེས་འོག་བོད་རིགས་མི་མང་གིས་གཉིས་སྨན་དབུ་མའི་ལམ་གྱི་སྲིད་བྱུས་གཏན་འབེབས་གནང་བ་ཞིག་དང་། རྒྱ་ནག་གཞུང་དང་ལྷན་ཞི་བའི་གྲོས་མོལ་བརྒྱུད་བོད་ཀྱི་གནད་དོན་གསལ་ཐབས་བྱ་རྒྱུར་༸གོང་ས་མཆོག་དང་། བོད་མིའི་སྒྲིག་འཛུགས་ནི་ལྷག་བསམ་རྣམ་དག་ཡིན། ང་ཚོས་བོད་རྒྱ་གཉིས་ཀའི་མི་མང་གི་ཁེ་ཕན་ཆེད་གཉིས་སྨན་དབུ་མའི་ལམ་གྱི་སྲིད་བྱུས་བཟུང་སྟེ་རྒྱ་རིགས་མཉམ་དུ་སྡོད་ཐབས་བྱེད་བཞིན་ཡོད། ཁྱེད་རྣམ་པས་རྒྱབ་སྐྱོར་བྱེད་བཞིན་པའི་སྲིད་བྱུས་དང་། རྒྱ་ནག་གཞུང་ལ་༸གོང་ས་མཆོག་གི་སྐུ་ཚབ་བམ་བོད་མིའི་སྒྲིག་འཛུགས་དང་ལྷན་གྲོས་མོལ་དགོས་པའི་ཞུ་སྐུལ་མུ་མཐུད་བྱེད་བཞིན་ཡོད་པ་དེ་ནི་བོད་རྒྱ་གཉིས་ཀའི་མི་མང་ལ་ཁེ་ཕན་ཡོད་པ་ཞིག་དང་། དངོས་ཡོད་གནས་ཚུལ་དང་མཐུན་པའི་སྲིད་བྱུས་ཤིག་ཡིན།
ཁྱེད་རྣམ་པས་ཚོགས་འདུ་འདིའི་ཐོག་མཉམ་ཞུགས་གནང་བ་དེས་ང་ཚོའི་གནད་དོན་མ་གསལ་བར་རྒྱབ་སྐྱོར་གནང་རྒྱུའི་དམ་བཅའ་བརྟན་པོ་ཡོད་པ་ར་སྤྲོད་གསལ་པོ་བྱེད་ཀྱི་ཡོད། ང་ཚོས་ཁྱེད་རྣམས་ཚང་མར་ཐུགས་རྗེ་ཆེ་ཞུ་རྒྱུ་མ་ཟད། ཁྱེད་རྣམ་པས་ང་ཚོར་མུ་མཐུད་ནས་སྔར་ལྷག་རྒྱབ་སྐྱོར་གནང་རོགས་ཞུ་རྒྱུ་ཡིན། ཁྱེད་རྣམས་ཐག་རིང་ནས་ཀོལ་ཀ་ཊར་ཕེབས་པར་ངས་ཐུགས་རྗེ་ཆེ་ཞུ་རྒྱུ་དང་། ང་ཚོའི་ཡུན་རིང་གི་གྲོགས་པོ་དང་། རྒྱ་གར་བོད་དོན་རྒྱབ་སྐྱོར་ཚོགས་པའི་ཚོགས་གཙོ་སྐུ་ཞབས་རིན་ཆེན་མཁའ་འགྲོ་ཁེར་མི་མཆོག་གིས་གཙོས་ཕྱག་སྦྲེལ་རྣམ་པས་བོད་ཀྱི་ལོ་རྒྱུས་ཁྲོད་གལ་འགངས་ཆེ་བའི་དུས་ཚོད་འདིར་ཚོགས་ཆེན་གལ་ཆེ་འདི་འདྲ་ཞིག་གོ་སྒྲིག་ཞུས་པར་ཐུགས་རྗེ་ཆེ་ཞུ་རྒྱུ་ཡིན་ཞེས་གསུངས་གནང་ཡོད་པ་བཅས། །