༢༠༡༩ ཟླ་ ༡༢ ཚེས་ ༡༢ རེས་གཟའ་ཕུར་བུ།
༄༅། །སུད་སི་སྐུ་ཚབ་དོན་ཁང་གི་ལས་བྱེད་འཕྲིན་ལས་ཆོས་སྐྱིད་ལགས་ཀྱིས་རྒྱལ་ཚོགས་ཀྱི་ཚོགས་ཁང་Palais des Nations ཞེས་པའི་ནང་དུ་ཕྱི་ཚེས་ ༩ དང་ ༡༠ བཅས་ཉིན་གཉིས་རིང་། འཛམ་གླིང་མཉམ་འབྲེལ་རྒྱལ་ཚོགས་ཀྱི་འགྲོ་བ་མིའི་ཐོབ་ཐང་གི་ཡོངས་ཁྱབ་བསྒྲགས་གཏམ་སྤེལ་ནས་ལོ་ངོ་ ༧༡ འཁོར་བའི་དུས་དྲན་སྲུང་བརྩི་ཞུ་པའི་ལྷན་ཚོགས་ཐོག བོད་ནང་གི་བོད་མི་དགེ་འདུན་པ་དང་བཙུན་མ་རྣམས་ནི་བོད་མིའི་འགྲོ་བ་མིའི་ཐོབ་ཐང་འཐབ་རྩོད་ཀྱི་སྣེ་ཁྲིད་མཁན་ཡིན་པ་གསུང་འདུག བརྗོད་གཞི་ནི། ད་ཆ་འགྲོ་བ་མིའི་ཐོབ་ཐང་སྲུང་སྐྱོབ་ཀྱི་གནས་སྟངས་ཇི་འདྲ་ཞིག་སྒང་ལ་སླེབས་ཡོད་པ་དང་། འདས་པ་དང་མ་འོངས་པའི་ཁ་ཕྱོགས། ཞེས་པ་ཡིན་འདུག དེ་ཡང་ཉིན་གཉིས་ཀྱི་ལྷན་ཚོགས་དེ་བཞིན་མཐུན་འགྱུར་གནང་མཁན་རྒྱལ་ཁབ་རྣམས་ནི་ཕིན་ལེནྜི་Finland དང་གྷ་ན། Ghana ཀ་ཛ་ཀིས་སི་ཐན། Kazakhstan ཕི་ལི་པེན། Pilippine སི་ཡ་ར་ལོན། Republic of Sierra Leone ཊི་མོར་ལེ་སི་ཊེ་Timor-Leste བཅས་དང་། དེ་བཞིན་གཞུང་འབྲེལ་མིན་པའི་ཚོགས་པ་བཅུ་དགུ་ཡོད་འདུག
ཉིན་གཉིས་ཀྱི་ལྷན་ཚོགས་སྐབས་འཕྲིན་ལས་ཆོས་སྐྱིད་ལགས་ཀྱིས་དད་པ་དང་འགྲོ་བ་མིའི་ཐོབ་ཐང་། ཞེས་པའི་བརྗོད་གཞིའི་ཐོག་བགྲོ་གླེང་གནང་འདུག་པ་དང་། ལྷག་པར་ནང་ཆོས་དང་འགྲོ་བ་མིའི་ཐོབ་ཐང་དབར་འབྲེལ་བ་གང་འདྲ་ཡོད་པ་གསལ་འདོན་གནང་བ་མ་ཟད། ནང་པའི་ལྟ་གྲུབ་ནས་སྲོག་ཆགས་གྲོག་སྦུར་ཚུན་ཆད་ལའང་སྲོག་ལྡན་གྱི་འདུ་ཤེས་བཞག་ནས་གུས་བརྩི་ཞུ་བ་དང་སྲུང་སྐྱོབ་བྱེད་སྲོལ་གྱི་ལམ་སྲོལ་བཟང་པོ་ཡོད་པ་དེ་ནི་རྒྱལ་ཚོགས་ཀྱི་འགྲོ་བ་མིའི་ཐོབ་ཐང་གི་ཡོངས་ཁྱབ་བསྒྲགས་གཏམ་སྤེལ་བའི་དོན་ཚན་ ༣ འབྲུ་དོན་དང་ཡོངས་སུ་མཐུན་པ་ཞིག་ཡིན་པ་དང་། འགྲོ་བ་མིའི་ཐོབ་ཐང་ཟེར་བའི་ཐ་སྙད་དེ་བཞིན་ཡོངས་གྲགས་གཏན་འབེབས་མ་བྱུང་བའི་ལོ་ངོ་ ༢༥༥༠ གོང་ནས་ནང་པའི་ལྟ་གྲུབ་ནང་འདྲ་མཉམ་དང་རང་དབང་། འཚེ་བ་མེད་པའི་ལྟ་གྲུབ་དེ་དག་དར་ཟིན་ཡོད་སྐོར་གསུངས།
སྐབས་དེར་བོད་ནང་གི་བོད་མི་ཚོའི་འགྲོ་བ་མིའི་ཐོབ་ཐང་གི་གནས་སྟངས་ཐོག་ཛ་དྲག་དཀའ་ངལ་འཕྲད་བཞིན་པའི་སྐོར་གསུང་དོན། བོད་ནང་ལ་མཚོན་ན་གཞིས་ལུས་བོད་མི་ཚོའི་ཆོས་དད་རང་དབང་ལ་རྒྱ་ནག་གཞུང་གིས་ཉིན་རེ་བཞིན་བརྩི་མེད་རྡོག་རོལ་བཏང་བ་དང་། དམ་བསྒྲགས་ཇེ་ཆེར་གཏོང་བཞིན་ཡོད་པ་དང་། བོད་ནང་གི་བོད་མི་དགེ་འདུན་པ་དང་བཙུན་མ་རྣམས་ནི་བོད་མིའི་འགྲོ་བ་མིའི་ཐོབ་ཐང་འཐབ་རྩོད་ཀྱི་སྣེ་ཁྲིད་མཁན་ཡིན་ཞིང་། ཕྱི་ལོ་ ༢༠༠༩ ནས་ད་བར་བོད་མི་ ༡༥༤ རང་ལུས་མེར་སྲེག་གནང་ནས་རྒྱ་ནག་གཞུང་གི་དམ་བསྒྲགས་ཅན་གྱི་སྲིད་བྱུས་ལ་ཞི་རྒོལ་རྔམ་སྟོན་གནང་ཡོད་པ་དང་། བོད་མི་དེ་དག་ཁོངས་ནས་ ༢༣ དགེ་བཙུན་ཡིན་པའམ་ཡང་ན་གྲྭ་བཙུན་ཟུར་པ་ཡིན་སྐོར་གསུངས།
གཞན་ཡང་འཕྲིན་ལས་ལགས་ཀྱིས་དེང་སྐབས་བོད་མིའི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་དེང་དུས་ཤེས་ཡོན་ལམ་ལུགས་ནང་རིས་མེད་བཟང་སྤྱོད་ཀྱི་སློབ་ཚན་འཇོག་ཐབས་མཛད་པའི་མཛད་བཟང་ལ་བརྟེན་ནས། གཞོན་སྐྱེས་ཁྲོད་བཟང་སྤྱོད་དང་རིས་མེད་ལྟ་གྲུབ་ལ་གཞི་བཅོལ་བའི་འགྲོ་བ་མིའི་ཐོབ་ཐང་སྲུང་སྐྱོབ་ཐད་ཞབས་འདེགས་ཇི་ཙམ་བསྒྲུབ་བཞིན་ཡོད་པ་གསལ་འདོན་གནང་འདུག་པ་བཅས། །