ཕྱི་ལོ་ ༢༠༡༩ ཟླ་ ༡༢ ཚེས་ ༢༣ རེས་གཟའ་ཟླ་བ།
༄༅། །འདི་གའི་ཆེད་གཉེར་གསར་འགོད་པ་ཡེ་ཤེས་ཀུན་གྲགས་ལགས་ཀྱིས་ས་གནས་ནས་བཏང་གནས་ནང་འཁོད་དོན། ལྷར་བཅས་སྲིད་ཞིའི་གཙུག་རྒྱན། ས་སྟེང་༸རྒྱལ་བསྟན་ཡོངས་རྫོགས་ཀྱི་མངའ་བདག འཛམ་གླིང་ཞི་བདེའི་དེད་དཔོན། བོད་ཀྱི་བླ་ན་མེད་པའི་དབུ་ཁྲིད། སྤྱི་ནོར་༸གོང་ས་༸སྐྱབས་མགོན་༸རྒྱལ་དབང་སྐུ་ཕྲེང་བཅུ་བཞི་པ་ཆེན་པོ་མཆོག་གི་སྐུའི་གསང་གསུམ་ལ་ཚུལ་བསྟན་མི་ཤིས་པའི་མཚན་མའི་རིགས་ཕྲ་མོ་ཙམ་ཡང་ཞར་ཡང་མི་བཞེས་ཤིང་། བསྟན་འགྲོ་སྤྱི་དང་བྱེ་བྲག་བོད་ཁ་བ་གངས་ཅན་པའི་ལྗོངས་ཀྱི་མགོན་དཔུང་དམ་པར་༸ཞབས་པད་མི་འགྱུར་རྡོ་རྗེ་ཆོས་བདུན་གྱི་ངོ་བོར་བརྟན་ཅིང། ཐུགས་ཀྱི་བཞེད་དགོངས་མཐའ་དག་གེགས་མེད་ལྷུན་གྱིས་འགྲུབ་ཆེད། རྒྱལ་སྤྱིའི་དགེ་ལྡན་ལྷན་ཚོགས་དང་། གདན་ས་ཆེན་པོ་དགའ་ལྡན། འབྲས་སྤུངས་བཅས་ནས་ཕྱི་ལོ་ ༢༠༡༩ ཟླ་ ༡༢ ཚེས་ ༢༢ ཉིན་རྒྱ་གར་ལྷོ་ཕྱོགས་མོན་གྷོ་འདོད་རྒུ་གླིང་བོད་མིའི་གཞིས་ཆགས་སུ་རྟེན་གཞི་བྱས་པའི་དགའ་ལྡན་བྱང་རྩེ་གྲྭ་ཚང་གི་གཙུག་ལག་ཁང་དུ་མགོན་པོ་གང་ཉིད་མཆོག་ལ་བརྟན་བཞུགས་བསྟར་འབུལ་ཞུས་ཡོད།
དེ་ཡང་གོས་ཚེས་ཉིན་གྱི་སྔ་དྲོ་ཆུ་ཚོད་ ༨།༡༠ ཙམ་ལ་མགོན་པོ་གང་ཉིད་མཆོག་གཟིམ་ཆུང་ཕོ་བྲང་ནས་དགའ་ལྡན་བྱང་རྩེ་གྲྭ་ཚང་གི་གཙུག་ལག་ཁང་དུ་གདན་ཞུས་ཀྱིས་བཞུགས་ཁྲི་རིན་པོ་ཆེར་༸ཞབས་སོར་འཁོད་དེ་བཀའ་སློབ་སྩལ་དོན། དེ་རིང་འདིར་དགའ་ལྡན་དང་འབྲས་སྤུངས། སེ་རའི་བླ་མ་དགེ་འདུན་མང་པོ་ཞིག་ཕེབས་ཡོད། གང་ལྟར་གཙོ་ཆེ་བ་གདན་ས་གསུམ་གྱི་དགེ་འདུན་འདུས་པ་ཆགས་པའི་ཐོག་ནས་བརྟན་བཞུགས་གནང་རྒྱུ་རེད།
ཁ་སང་ལྔ་མཆོད་ཉིན་ཞུས་པ་ནང་བཞིན། མགོན་ཁྱེད་ཀྱི་བསྟན་པ་འཛིན་པ་ལ། །དུས་ནམ་ཡང་བརྩོན་པ་བགྱིད་པར་སྨོན། །ཞེས་གསུང་པ་ནང་བཞིན་ཐམས་ཅད་མཁྱེན་པ་གོང་མ་རིམ་བྱོན་གྱིས་སྤྱིར་སངས་རྒྱས་པའི་བསྟན་པ། ཡང་སྒོས་འཇམ་མགོན་བླ་མའི་བསྟན་པའི་ཐོག་ལ་ཐུགས་ཁུར་ཆེན་པོ་སྐྱེས་པ་དེ་ལྟར་ཡིན་པ་རེད། དེ་རིང་འདིར་གདན་ས་གསུམ་དང་བོད་མིའི་སྒྲིག་འཛུགས་ཀྱི་མཛད་གཙོ་རྣམ་པ་འཛོམས་ཡོད་སྟབས། ངོས་ཀྱིས་རྟེན་འབྲེལ་བཟང་པོ་ཞིག་མཐོང་བྱུང་། རྟེན་འབྲེལ་བརྩིས་ནས་དེ་རིང་ངོས་ཀྱིས་བྱིན་རླབས་ཡོད་པའི་ཆོས་གོས་རྣམ་གསུམ་འདི་གྱོན་ནས་ཡོང་བ་ཡིན། མཁྱེན་སོང་ངམ། གང་ལྟར་ཚེ་རིང་པོ་ཡོང་བ་དང་ཚེ་སྒྲུབ་ཟེར་རྒྱུ་འདི་གལ་ཆེན་པོ་རེད། འོན་ཀྱང་གཙོ་བོ་བྱང་ཆུབ་ཀྱི་སེམས་ལ་བསམ་བློ་གཏོང་བཞིན་ཡོད། བྱང་ཆུབ་ཀྱི་སེམས་ལ་བསམ་བློ་བཏང་ནས།
ཇི་སྲིད་ནམ་མཁའ་གནས་པ་དང་། །འགྲོ་བ་ཇི་སྲིད་གནས་གྱུར་པ། །དེ་སྲིད་ཁྱེད་ནི་གནས་གྱུར་ནས། །འགྲོ་བའི་སྡུག་བསྔལ་སེལ་བར་ཤོག །ཅེས་ནམ་མཁའ་མ་ཟད་ཀྱི་བར་དང་། བྱེ་བྲག་ཏུ་ཚེ་འདི་ལ། ས་སོགས་འབྱུང་བ་ཆེན་པོ་དང་། །ནམ་མཁའ་བཞིན་དུ་རྟག་པར་ཡང་། །སེམས་ཅན་དཔག་ཏུ་མེད་པ་ཡི། །རྣམ་མང་ཉེར་འཚོའི་གཞིར་ཡང་ཤོག །ཅེས་པ་འདི་ངོས་ཀྱིས་རྟག་པར་སྨོན་ལམ་རྒྱག་བཞིན་ཡོད། སེམས་ཤུགས་སྐྱེ་བཞིན་ཡོད་པ་རེད། ད་ལྟ་འཛམ་གླིང་འདིའི་སྟེང་ངོས་ལ་དགའ་པོ་དང་ཡིད་ཆེས་བློ་འགེལ་བྱེད་མཁན་བོད་རིགས་གཙོ་གྱུར་ཧ་ཅང་མང་པོ་ཡོད། དེར་བརྟེན། ས་སོགས་འབྱུང་བ་ཆེན་པོ་དང་། །ནམ་མཁའ་བཞིན་དུ་རྟག་པར་ཡང་། །སེམས་ཅན་དཔག་ཏུ་མེད་པ་ཡི། །རྣམ་མང་ཉེར་འཚོའི་གཞིར་ཡང་ཤོག །ཅེས་སྨོན་ལམ་བརྒྱབ་པ་ནང་བཞིན་དངོས་ཡོད་གནས་ཚུལ་ལའང་འདི་ལྟར་ཡོང་གི་ཡོད་སྟབས། ཁ་ཡོད་ལག་ཡོད་ཀྱི་ཕན་ཐོགས་ཡོད་ས་དེ་ལ་ཚེ་ཇི་ཙམ་རིང་བ་བྱུང་བ་ཡིན་ན། དེས་ཕན་གྱི་རེད། དེར་བརྟེན་ཚེ་འདིའི་ཁ་ཡོད་ལག་ཡོད་ཀྱི་གནས་ཚུལ་གང་ཡང་མིན་པར་བསྐལ་བ་ནས་བསྐལ་བ་ཞེས་བརྗོད་པ་ཡིན་ན་ཕན་ཐོགས་གང་ཡང་མི་འདུག
འཛམ་གླིང་འདིའི་སྟེང་ངོས་ཀྱིས་ཁ་ཡོད་ལག་ཡོད་ཀྱིས་མིའི་སེམས་ནང་སྤྲོ་སྣང་སླེབ་རྒྱུ་དང་སེམས་ནང་བྱམས་བརྩེ་ཡོང་བར་གང་ཙམ་ཞབས་འདེགས་སྒྲུབ་ཐུབ་ཀྱི་ཡོད་པ་རེད། དེར་བརྟེན་ཇི་ཙམ་རིང་དུ་འཚོ་བ་དེ་ཙམ་གྱིས་ཚེ་དོན་ལྡན་ཡོང་རྒྱུ་ཞིག་དང་། རང་གཞན་དོན་ནི་རབ་བསྒྲུབ་ཕྱིར། །བྱང་ཆུབ་སེམས་ནི་བསྐྱེད་པར་བགྱི། ཞེས་པ་ལྟར་རང་དོན་སྒྲུབ་པའང་དེའི་ཐོག་ནས་ཡོང་རྒྱུ་རེེད། དེ་བཞིན་གཞན་དོན་སྒྲུབ་པའང་དེའི་ཐོག་ནས་ཡོང་རྒྱུ་རེད། དེར་བརྟེན་ངོས་ཀྱིས་དུས་རྟག་ཏུ་བྱང་ཆུབ་སེམས་སྨོན་ལམ་རྒྱག་བཞིན་ཡོད། གང་ལྟར་ཚེ་སྒྲུབ་མཆོག་ཏུ་གྱུར་པ་ནི་བྱང་ཆུབ་ཀྱི་སེམས་བསྒོམ་རྒྱུ་རེད། རང་དོན་ཡིད་བྱེད་ཀྱི་བསམ་བློ་བཏང་ནས་ཚེ་གཟུངས་ཧ་ཅང་བསགས་པ་ཡིན་ནའང་ཧ་ཅང་ངོ་མཚར་སྐྱེ་རྒྱུ་མི་འདུག
གང་ལྟར་འཛམ་གླིང་འདིའི་སྟེང་ཡོད་པའི་སྨྲ་ཤེས་དོན་གོ་བའི་མི་ཚང་མར་ངོས་ཀྱིས་ཕན་ཐོགས་བྱེད་ཐུབ་པའི་སེམས་ཤུགས་སྐྱེས་ནས་མཐར་ཐུག་རྣམ་མཁྱེན་གྱི་ས་ལ་དགོད་འདོད་དང་། འཕྲལ་དུ་ཡིན་ནའང་སེམས་ཞི་བདེ་ཡོང་བ་དེ་འདྲའི་ཁ་ཡོད་ལག་ཡོད་ཀྱིས་གཞན་ཕན་བསྒྲུབ་རྒྱུའི་སེམས་ཤུགས་དེས་སྐྱེ་ཡི་ཡོད་པ་མ་ཟད། སེམས་ཤུགས་སྐྱེས་པ་ནང་བཞིན་གང་ཙམ་ཕན་ཐོགས་ཡོང་བཞིན་པ་མཐོང་ཆོས་སུ་ཡོད་པ་དེ་རེད། དེར་བརྟེན་ངོས་ནས་ཀྱང་སེམས་ཤུགས་སྐྱེད་བཞིན་ཡོད། དེ་རིང་འདིར་དད་དམ་གཙང་མའི་དགེ་འདུན་འདུས་པ་རྒྱ་མཚོ་དང་། དེ་བཞིན་བོད་མིའི་སྒྲིག་འཛུགས་ཀྱི་མཛད་གཙོ་རྣམ་པ། གཞན་ཡང་དད་ལྡན་སྦྱིན་བདག་ཁག རྒྱ་རིགས་གཙོ་བོར་གྱུར་པའི་མི་སྣ་མང་དག་ཅིག་དེ་རིང་འདིར་སླེབ་ཡོད། ངོས་ཀྱིས་སེམས་བསྐྱེད་བསམ་བློ་བཏང་བ་ནང་བཞིན། ཚེ་རིང་དུ་གནས་པའི་ཕན་པ་བཏང་། སྔོན་མ་ངོས་ཀྱི་རྨི་ལམ་དུ་སྐས་འཛེགས་ཤིག་ཡར་འཛེགས་ནས་སྐས་གདང་བཅུ་གསུམ་ཡོད་པ་ཞིག་རྨིས་བྱུང་། དེར་བརྟེན་ ༡༡༣ ཞེས་པའི་གོ་བ་འདིས་མཚོན་གྱི་ཡོད། དགེ་འདུན་གྲུབ་པ་ནས་ཐུན་མོང་མིན་པའི་འབྲེལ་བ་ཡོད་པ་ནི་དཔལ་ལྡན་ལྷ་མོ་རེད། དཔལ་ལྡན་ལྷ་མོས་ལོ་ ༡༡༠ བསྡད་པར་ཐེ་ཚོམ་མེད་ཅེས་གསུངས་པའི་རྨི་ལམ་ཧ་ཅང་གསལ་པོ་བྱུང་།
དེར་བརྟེན་ལོ་བརྒྱ་དང་བཅུ་གསུམ་མམ་བརྒྱ་དང་བཅུ། གཅིག་བྱས་ན་དེ་ལས་རིང་ཙམ་འཁྲུལ་ཞིག་རིན་པོ་ཆེས་ངོས་ལ་ཐང་སྟོང་རྒྱལ་པོའི་སྐུ་ཚེ་དང་མཉམ་པ་བཞུགས་དགོས་པ་རེད་ཅེས་རྟག་པར་གསུང་གི་ཡོད། ཐང་སྟོང་རྒྱལ་པོ་དགུང་ལོ་བརྒྱ་དང་ཉི་ཤུ་རྩ་ལྔར་བཞུགས་པ་རེད། དེང་སྐབས་འཛམ་གླིང་འདིའི་སྟེང་སྨན་བཅོས་མཐུན་རྐྱེན་དང་འཕྲོད་བསྟེན་སོགས་མང་པོ་ཞིག་གི་ཐོག་ནས་ཚེ་རིང་དུ་གནས་པའི་ཆ་རྐྱེན་མང་པོ་འདུགངོས་ཀྱི་ངོས་ནས་ཕན་པ་འདི་སྤྱིར་ནམ་མཁའ་མ་ཟད་བར་དང་། སྒོས་སུ་ད་ལྟ་ཁ་ཡོད་ལག་ཡོད་ཀྱིས་མི་ལ་ཕན་ཐོགས་གང་ཙམ་བྱེད་ཐུབ་ཀྱི་ཡོད་སྟབས། ལོ་བརྒྱ་དང་བཅུའམ་བཅོ་ལྔ་གནས་ཐུབ་པའི་སྨོན་ལམ་རྒྱག་བཞིན་ཡོད། ཁྱེད་རང་ཚོ་ཡིན་ནའང་སྨོན་ལམ་རྒྱོབ། ངོས་ཀྱིས་བརྟན་བཞུགས་མ་འབུལ་གོང་ནས་ཚེ་རིང་པོ་གནས་རྒྱུའི་ཁ་ལེན་བྱས་ཟིན་པ་རེད། བརྟན་བཞུགས་འབུལ་རྒྱུ་གང་འདུག་གམ། ༼བཞད་མོ་བཞད།༽
དེ་ནས་གནས་ཆུང་ཆོས་སྐྱོང་སྐུ་ཕེབས་རྒྱུ་ཞིག་ཡོད་པ་རེད། བོད་གངས་ཅན་ལྗོངས་སུ་མཁན་སློབ་ཆོས་གསུམ་གདན་འཛོམས་པའི་སྐབས་ནས་བོད་ཀྱི་བསྟན་སྲིད་ནི་འགྲོ་བ་མིས་ཤུགས་རྒྱག་གི་ཡོད། དེ་བཞིན་དཀར་ཕྱོགས་སྐྱོང་བའི་དྲེགས་པ་གནོད་སྦྱིན་དེ་དག་གིས་ཁུར་མཉམ་ལེན་བྱེད་རྒྱུ་ཞིག་དང་། རྐང་གནས་ཆུང་ཆོས་རྒྱལ་ཆེན་པོ་རྡོ་རྗེ་གྲགས་ལྡན་གཙོ་བོར་གྱུར་པའི་ཁ་ཤས་རྒྱ་གར་ནས་ཚུར་ཕེབས་པ་རེད། གཉན་ཆེན་ཐང་ལྷ་ལ་སོགས་པ་དེ་ཚོའི་གྲས་ནི་བོད་རང་གི་ས་སྐྱེས་རྡོ་སྐྱེས་ཀྱི་དཀར་ཕྱོགས་སྐྱོང་བའི་ལྷ་རེད། དེ་དག་ཚང་མས་ངོས་ལ་རེ་བ་བཅོལ་བཞིན་འདུག ནམ་རྒྱུན་ང་ཚོས་བཤད་པ་ལྟར་གཟུགས་མེད་རེད། གཟུགས་མེད་ཀྱིས་ཧ་ཅང་བྱ་རྒྱུ་མི་འདུག གཟུགས་མེད་ལ་ནུས་པ་ཧ་ཅང་ཡོད་ཟེར་གྱི་ཡོད་ཀྱང་གཟུགས་མེད་པ་ཡིན་སྟབས་ཧ་ཅང་བྱ་རྒྱུ་མི་འདུག
ངོས་རང་གཟུགས་ཅན་ཡིན་པར་བརྟེན་སྐད་ཆ་བཤད་རྒྱུ་ཡོད་པ་རེད། གཟུགས་མེད་བརྒྱ་ལས་གཟུགས་ཅན་གཅིག་དེ་མི་ལ་ཕན་ཐོགས་ཆེ་བ་འདུག གང་ལྟར་བོད་ལྗོངས་ལྷ་མི་ཡོངས་རྫོགས་ངོས་ལ་བློ་གཏད་བཅོལ་བཞིན་ཡོད། ད་ཆ་ཆོས་སྐྱོང་གི་སྐུ་ཕེབས་ཀྱི་རེད། དེ་རིང་འདིར་གནས་དང་དུས། གཙོ་བོ་དད་པ་དང་དམ་ཚིག་གཡོ་བ་མེད་པའི་དགེ་འདུན་རྣམ་པ་འདིར་འཛོམས་ཡོད་སྟབས། ཁྱེད་རང་ཚོ་ཚང་མ་ཐུག་བློ་བདེ་པོ་བྱས་ནས་བཞུགས་ཨང་། ཞེས་བཀའ་སློབ་སྩལ།
དེ་ནས་འཇམ་མགོན་རྒྱལ་བའི་རྒྱལ་ཚབ་དགའ་ལྡན་ཁྲི་ཆེན་རྡོ་རྗེ་འཆང་ཆེན་པོ་མཆོག་གིས་བརྟན་བཞུགས་ཀྱི་མཎྚལ་བཤད་པ་རྣམས་གསུང་གནང་གྲུབ་མཛད་པ་དང་། མཚུངས་མེད་ཤར་བྱང་གི་ཆོས་རྗེ་རྣམ་གཉིས་མཆོག གདན་ས་གསུམ་གྱི་མཁན་ལས་ཟུར་རྣམ་པ། འབྲས་སྤུངས་ཁྲི་བ་རིན་པོ་ཆེ། རྭ་བ་སྟོད་པ་དང་བཀྲ་ཤིས་ལྷུན་པོའི་མཁན་ལས་ཟུར། སྔགས་པ་གྲྭ་ཚང་གི་མཁན་ལས་ཟུར། དེ་བཞིན་རྒྱལ་སྲས་བླ་སྤྲུལ་སོགས་གནད་ཡོད་མི་སྣ་རྣམས་ཀྱིས་རིམ་བཞིན་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་འཇལ་ཁ་དང་འཇལ་དར་འདེགས་འབུལ་ཞུས་རྗེས་བཀྲ་ཤིས་པའི་ཤིས་ཚིག་གི་གདངས་དབྱངས་དང་བཅས་བརྟན་བཞུགས་མཛད་སྒོ་འཇུག་ལེགས་པར་གྲུབ་མཚམས་མགོན་པོ་གང་ཉིད་མཆོག་དབུ་བཞུགས་ཐོག་འཇམ་མགོན་རྒྱལ་བའི་རྒྱལ་ཚབ་དགའ་ལྡན་ཁྲི་ཆེན་རྡོ་རྗེ་འཆང་ཆེན་པོ་མཆོག་དང་། མཚུངས་མེད་ཤར་བྱང་གི་ཆོས་རྗེ་རྣམ་གཉིས་མཆོག་བཅས་ནས་དགེ་བཤེས་ལྷ་རམས་པའི་ལག་འཁྱེར་གནང་བ་དང་ལྷན་ལྷ་རམས་པ་རྣམས་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་དང་ལྷན་སྐུ་པར་སྒྲོན་རྗེས་མགོན་པོ་གང་ཉིད་མཆོག་༸རྒྱལ་བའི་གཟིམ་ཁང་དུ་ཆིབས་སྒྱུར་བསྐྱངས་ཡོད་པ་བཅས། །