ཕྱི་ལོ་ ༢༠༡༩ ཟླ་ ༡༢ ཚེས་ ༣༡ རེས་གཟའ་མིག་དམར།
༄༅། །འདི་གའི་ཆེད་གཉེར་གསར་འགོད་པ་སྐལ་བཟང་རྒྱ་མཚོ་ལགས་ཀྱིས་ས་གནས་ནས་བཏང་གནས་ནང་འཁོད་དོན། སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་གནས་མཆོག་རྡོ་རྗེ་གདན་དུ་ཕྱི་ལོ་ ༢༠༢༠ ཟླ་ ༡ ཚེས་ ༢ ཉིན་ནས་བཟུང་རྒྱལ་སྲས་ཐོགས་མེད་བཟང་པོས་མཛད་པའི་ལག་ལེན་སོ་བདུན་མའི་གསུང་ཆོས་དང་། ཕྱི་ཚེས་ ༣ ཉིན་གྱི་སྔ་དྲོ་སྤྱན་རས་གཟིགས་ཀྱི་བཀའ་དབང་བཀའ་དྲིན་སྩལ་རྒྱུ། ཕྱི་ཚེས་ ༤ ནས་ ༦ བར་ལོ་སྔོན་མའི་འཇམ་དབྱངས་ཆོས་སྐོར་གསུང་ཆོས་འཕྲོ་སྐྱོང་མཛད་རྒྱུ་ཡིན་འདུག
དེ་ཡང་གནས་མཆོག་རྡོ་རྗེ་གདན་དུ་ཆོས་ཞུར་བཅར་མཁན་དད་ལྡན་པ་རྣམས་ཀྱི་ཆེད་བོད་ཀྱི་སྨན་རྩིས་ཁང་དང་བོད་ཀྱི་གཞོན་ནུ་ལྷན་ཚོགས་སོགས་ནས་དང་བླངས་ཞབས་ཞུ་བསྒྲུབས་དང་སྒྲུབ་མུས་རེད་འདུག འདི་གའི་གསར་འགོད་པས་སྨན་རྩིས་ཁང་གི་སྨན་པ་བློ་བཟང་བཟོད་པ་ལགས་ལ་སྤྱི་ཚོགས་ཞབས་ཞུ་དང་འབྲེལ་ནས་བཅར་འདྲི་ཞུ་སྐབས་ཁོང་གིས་གསུང་དོན། ད་ལྟའི་ཆར་ང་ཚོ་སྨན་པ་གསུམ་ཡོད། ཉི་ལྟར་ནད་པ་བསྟེན་གཏུགས་བྱེད་མཁན་མི་གྲངས་ ༡༠༠ ནས་ ༣༠༠ ཙམ་ཡོང་གི་འདུག སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་གསུང་ཆོས་རིང་ལ་ནད་པ་ཚང་མར་སྨན་སྦྱིན་གནང་གི་ཡོད། ང་ཚོའི་ངོས་ནས་ཕྱི་ལོ་ ༢༠༡༩ ཟླ་ ༡༡ ཚེས་ ༡ ནས་བཟུང་ཕྱི་ལོ་༢༠༢༠ ཟླ་ ༣ ཚེས་ ༡༢ བར་མུ་མཐུད་ནད་པར་བརྟག་དཔྱད་བྱ་རྒྱུ་རེད། ད་ལྟའི་ཆར་གནམ་གཤིས་དང་ཁོར་ཡུག་གི་རྐྱེན་པས་ཆོས་ཞུ་བ་མང་པོ་ཞིག་ཆམ་པའི་ནད་ཕོག་ནས་ཡོང་གི་འདུག ཟས་དུག་ཕོག་པའི་ནད་པ་དེ་འདྲའང་རེ་ཟུང་ཡོང་གི་འདུག གསུང་ཆོས་སྐབས་ཆོས་ཞུ་བ་ཚོས་ཤ་རིགས་ཉུང་ཙམ་དང་སྔོ་ཚལ་རིགས་མང་ཙམ་མཆོད་དགོས་པ་མ་ཟད། ལུས་དྲོན་པོ་ཉར་དགོས་པ། དེ་བཞིན་ཆུ་ཁོལ་གང་མང་བཞེས་དགོས་སྐོར་ལམ་སྟོན་ངནད་བྱུང་།
གཞན་ཡང་བོད་ཀྱི་གཞོན་ནུ་ལྷན་ཚོགས་ཀྱི་ཚོགས་གཙོ་མགོན་པོ་དོན་གྲུབ་ལགས་ལ་སྤྱི་ཚོགས་ཞབས་ཞུ་དང་འབྲེལ་ནས་བཅར་འདྲི་ཞུ་སྐབས་ཁོང་གིས་གསུང་དོན། སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་གསུང་ཆོས་སྐབས་བོད་ཀྱི་གཞོན་ནུ་ལྷན་ཚོགས་ཀྱི་ངོས་ནས་དད་ལྡན་ཆོས་ཞུ་བ་རྣམས་ཀྱི་ཆེད་དུ་ཕྱི་ལོ་ ༢༠༡༩ ཟླ་ ༡༢ ཚེས་ ༢༣ ཉིན་ནས་བཟུང་སྤྱི་ཚོགས་ཞབས་ཞུའི་ལས་རིམ་གོ་སྒྲིག་ཞུས་ཡོད། དཔེར་ན་གྷ་ཡ་མེ་འཁོར་འབབ་ཚུགས་སུ་ཆོས་ཞུ་བ་རྣམས་ལ་རོགས་རམ་ཞུ་བཞིན་པ་མ་ཟད། བྱང་ཆུབ་མཆོད་རྟེན་ཆེན་མོའི་ཉེ་འགྲམ་དུ་ཡོད་པའི་གསལ་བསྒྲགས་ཁང་དུ་སྐད་ཡིག་མི་འདྲ་བ་ཁག་བརྒྱད་བརྒྱུད་ནས་གསལ་བསྒྲགས་གནང་བཞིན་ཡོད། དེ་བཞིན་མྱུར་སྐྱོབ་རུ་ཁག་དང་། ཅ་ལག་བོར་བརླག་ཤོར་བ་དང་རྙེད་པ་བཅས་རྒྱང་གྲགས་ཞུ་མཁན་ཚན་པ་བཅས་ཚན་པ་བཞིར་ཆ་བགོས་ཀྱིས་ས་གནས་མཐོ་སློབ་ཁག་དྲུག་གི་དང་བླངས་བ་ ༦༢ དང་དབུས་རྒྱུན་ལས་ཀྱི་ལས་བྱེད་མི་ ༤ མཉམ་ཞུགས་བྱས་ཡོད། ཅེས་གསུངས།
ཕྱོགས་མཚུངས་འདི་གའི་གསར་འགོད་པས་ཏཱ་ལའི་བླ་མའི་དགེ་རྩ་ཚོགས་པའི་དྲུང་ཆེ་འཇམ་དཔལ་ལྷུན་གྲུབ་ལགས་ལ་རྒྱལ་བའི་གསུང་ཆོས་གོ་སྒྲིག་དང་འབྲེལ་ནས་བཅར་འདྲི་ཞུ་སྐབས་ཁོང་གིས་གསུང་དོན། སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་གསུང་ཆོས་གོ་སྒྲིག་ཚོགས་ཆུང་གི་འགན་བཞེས་མཁན་གཙོ་བོ་དགའ་ལྡན་ཕོ་བྲང་རེད། གསུང་ཆོས་ཉིན་གྲངས་ལྔའི་རིང་རེད། དེ་མཉམ་དུ་རྗེ་ཙོང་ཁ་པ་ཆེན་པོ་སྐུ་མྱ་ངན་ལས་འདས་ནས་མི་ལོ་ཧྲིལ་པོ་ ༦༠༠ འཁོར་བའི་བཀའ་དྲིན་རྗེས་དྲན་ཆེད་ད་ལོ་དམིགས་བསལ་གྱིས་རི་བོ་དགེ་ལྡན་པའི་སྨོན་ལམ་ཉིན་གྲངས་ ༦ རིང་དུས་འཁོར་དབང་ཆེན་གསུང་རའི་ནང་འཚོགས་འཆར་ཡོད་པ་རེད། རྒྱུན་ལྡན་ལྟར་ང་ཚོའི་ངོས་ནས་ཐེངས་འདིར་ཡང་ས་གནས་གྷ་ཡ་རྫོང་དཔོན་དང་སྐོར་སྲུང་བའི་སྤྱི་ཁྱབ་པར་གསུང་ཆོས་གོ་སྒྲིག་སྐོར་འབྲེལ་གཏུག་ཞུས་ཡོད།
དེ་བཞིན་བྱང་ཆུབ་མཆོད་རྟེན་ཆེན་མོ་འཛིན་སྐྱོང་ལྷན་ཚོགས་ནས་གསུང་ཆོས་ར་བ་དང་གུར་སོགས་གཡར་གནང་ཡོད། ས་གནས་རྫོང་དཔོན་ལགས་ལ་ཆུ་དང་། གློག ས་སྣུམ་སོགས་ཀྱི་མཐུན་འགྱུར་སྐོར་ཡར་ཞུས་པ་ལྟར་དེ་དག་ཐོབ་བྱུང་། བདེ་སྲུང་ལས་ཁུངས་བརྒྱུད་གྲྭ་བཙུན་དང་ཕྱི་རྒྱལ་ཡུལ་གྲུ་ཁག་གི་དད་ལྡན་ཆོས་ཞུ་བ་ཆིག་ཁྲི་ལྷག་དེབ་སྐྱེལ་གནང་འདུག ང་ཚོས་ཆོས་ཞུ་བ་ཆིག་ཁྲི་ལྔ་སྟོང་ནས་ཉིས་ཁྲི་བར་ཕེབས་ཐུབ་པའི་ཚོད་དཔག་བྱེད་བཞིན་ཡོད། ཅེས་གསུངས།།