ཕྱི་ལོ་ ༢༠༡༩ ཟླ་ ༡༢ ཚེས་ ༢ རེས་གཟའ་ཟླ་བ།
༄༅། །རྒྱ་ནག་གཞུང་གིས་བོད་མིའི་ཐོག་གདུག་རྩུབ་ཅན་གྱི་སྲིད་བྱུས་ལག་བསྟར་བྱས་དང་བྱེད་མུས་ཡིན་པར་བརྟེན། ཕྱི་ལོ་ ༢༠༡༩ ཟླ་ ༡༡ ཚེས་ ༢༦ ཉིན་བོད་ནང་གི་ཕྱི་དྲོའི་ཆུ་ཚོད་ ༤ ཡོལ་ཙམ་ལ་བོད་མདོ་སྨད་རྔ་བའི་རྨེའུ་རུ་མ་ཡུལ་ཚོ་དང་ཐག་ཉེའི་གྲོང་བར་ནས་རང་ལོ་ ༢༤ ཙམ་ཡིན་པའི་བོད་མི་ཡོན་ཏན་ལགས་ཀྱིས་རང་ལུས་མེར་སྲེག་བཏང་སྟེ་རྒྱ་གཞུང་གིས་བོད་ཐོག་འཛིན་པའི་སྲིད་བྱུས་ལ་ངོ་རྒོལ་བྱས་ནས་འདས་གྲོངས་སུ་གྱུར་བའི་ཡིད་སྐྱོའི་གནས་ཚུལ་བྱུང་འདུག་པར། ཕྱི་ལོ་ ༢༠༡༩ ཟླ་ ༡༢ ཚེས་ ༢ རེས་གཟའ་ཟླ་བའི་ཉིན་བོད་མིའི་སྒྲིག་འཛུགས་ཆོས་རིག་ལས་ཁུངས་ཀྱི་གོ་སྒྲིག་འོག དམ་པ་དེ་ཉིད་ཀྱི་དོན་དུ་གཞུང་འབྲེལ་གདུང་སེམས་མཉམ་སྐྱེའི་མྱ་ངན་རྗེས་དྲན་ཞུ་ཆེད་གོང་ཚེས་ཉིན་གྱི་ཕྱི་དྲོའི་ཆུ་ཚོད་ ༤ ནས་དབུས་ཀྱི་ལས་ཁུངས་ཁག་སྒོ་བརྒྱབ་སྟེ། རྡ་ས་ཐེག་ཆེན་ཆོས་གླིང་གཙུག་ལག་ཁང་གི་རྟེན་མཆོག་སྤྱན་སྔའི་དྲུང་དུ་མཆོད་སྤྲིན་སྣ་ལྔ་འབུལ་གཤོམ་དང་འབྲེལ། མཆོད་འབུལ་སྨོན་ལམ་གྱི་ཚོགས་མགོན་དུ་རྣམ་གྲྭ་མཁན་པོ་ཁྲོམ་ཐོག་རིན་པོ་ཆེ་མཆོག་དབུ་བཞུགས་ཐོག་བོད་མིའི་སྒྲིག་འཛུགས་ཀྱི་དཔལ་ལྡན་སྲིད་སྐྱོང་མཆོག་གིས་དབུས་མང་གཙོའི་ཀ་བ་གསུམ་གྱི་མཛད་གཙོ་རྣམ་པ་དང་། རང་དབང་ཅན་གྱི་སྡེ་ཚན་ཁག་གི་འགན་འཛིན་རྣམ་པ། བོད་མི་མང་སྤྱི་འཐུས་རྒྱུན་ལས་རྣམ་པ། ལྷན་ཁང་ཁག་གི་དྲུང་ཆེ་ཆུང་རྣམ་པ། སྲི་ཞུའི་ལས་བྱེད་རྣམ་པ།
བཞུགས་སྒར་ཁུལ་གནས་རིས་མེད་ཆོས་སྡེ་ཁག་གི་གྲྭ་བཙུན་སྔགས་གསུམ་དང་། གཞན་ཡང་གཉུག་མར་གནས་པ་དང་གློ་བུར་དུ་ལྷགས་པའི་གྲྭ་བཙུན་སྔགས་གསུམ། དེ་བཞིན་མི་མང་སོགས་ཁྱོན་མི་གྲངས་བརྒྱ་ཕྲག་བརྒལ་བ་འདུ་འཛོམས་ཀྱིས་སྨོན་ལམ་གསུང་འདོན་གནང་མུར་རྣམ་གྲྭ་དགེ་བསྐོས་ཀྱིས་ཆོས་རིག་ལས་ཁུངས་ཀྱི་སྐྱབས་ཐོ་སྒྲོགས་སྦྱང་གནང་།
དེ་ནས་དཔལ་ལྡན་སྲིད་སྐྱོང་མཆོག་གིས། རྒྱ་ནག་གཞུང་གིས་བོད་ནང་དམ་བསྒྲགས་ཅན་གྱི་སྲིད་བྱུས་ལག་བསྟར་བྱས་པར་བརྟེན་ཕྱི་ལོ་ ༢༠༠༩ ནས་ད་བར་བོད་མི་ ༡༥༤ རང་ལུས་མེར་སྲེག་གནང་ཡོད། དེའི་ཁོངས་ནས་རང་སྲེག་ལས་འགུལ་བ་ ༤༤ ཨ་མདོ་རྔ་པ་ཁུལ་ནས་རེད་འདུག དེར་བརྟེན་རང་སྲེག་ལས་འགུལ་ཤུགས་ཆེ་བ་དེ་ཨ་མདོ་རྔ་པ་ཁུལ་ནས་རེད་འདུག དེ་ལྟ་བུ་བོད་མིས་རང་སྲེག་ལས་འགུལ་སྤེལ་དང་སྤེལ་བཞིན་པ་དེས་བོད་ནང་རྒྱ་ནག་གཞུང་གིས་དམ་བསྒྲགས་ཇི་ཙམ་བྱེད་བཞིན་པ་གསལ་པོར་མཚོན་ཐུབ། འདི་ལོར་མཚོན་ན་བོད་ནང་རང་ལུས་མེར་སྲེག་གཏོང་མཁན་ཐོག་མ་དེ་ཡོ་ཏན་དམ་པ་ཁོང་ཆགས་ཡོད། ཁོང་རྣམ་པའི་རང་གི་གཅེས་པའི་ལུས་སྲོག་ཚུན་བློས་གཏོང་གནང་བར་བརྟེན་རྒྱལ་སྤྱིའི་ཐོག་བོད་དོན་མ་བརླག་པར་གསོན་པོར་གནས་ཐུབ་པ་བྱུང་ཡོད། དེར་བརྟེན་དེ་རིང་ང་ཚོས་འདིར་རྒྱལ་གཅེས་པ་ཕོ་མོ་འདས་གསོན་ཡོངས་ལ་ཐུགས་སྨོན་ངེས་པར་དུ་གནང་དགོས། གཞིས་བཞུགས་བོད་མི་རྣམས་ཀྱི་མངོན་འདོད་བསྒྲུབ་རྒྱུ་ང་ཚོའི་ལས་འགན་ཡིན་སྟབས་དེའི་ཐོག་རང་དབང་ལུང་པར་ཡོད་པའི་བོད་མི་ཚང་མས་ངེས་པར་དུ་བརྒྱག་དགོས། ཉེ་ལམ་ང་རང་སུད་སི་གྲོང་ཁྱེར་ཇི་ནི་ཝར་བོད་དང་ཤར་ཏུར་ཀི་ཤི་ཐན། ཐེ་ཝན། ཧོང་ཀོངྒ་། སོག་པོ་བཅས་ཀྱི་ལྷན་ཚོགས་ཐོག་བསྐྱོད་སྐབས་ཁོང་ཚོས་བོད་མི་ཚོའི་ལས་འགུལ་སྤེལ་སྟངས་དང་རྒྱལ་སྤྱིའི་ཐོག་རྒྱབ་སྐྱོར་ཚད་མཐོ་ཡོད་པ་དེ་དག་ལ་བསྔགས་བརྗོད་ཧ་ཅང་གནང་བཞིན་འདུག ཅེས་གསུངས་པ་མ་ཟད། སྐྱབས་ཐོ་སྒྲོགས་སྦྱང་གནང་བའི་ནང་དོན་ལྟར།
ཉེ་ལམ་༸སྐུའི་བླ་སྨན་པ་ཟུར་པ་པདྨ་ཤྲི་གཟེངས་རྟགས་བཞེས་མྱོང་མཁན་ཡེ་ཤེས་དོན་ལྡན་དམ་པ་མཆོག་ལའང་རྗེས་དྲན་ཞུས་འདུག དེ་ཡང་དམ་པ་ཁོང་གིས་དེ་སྔ་ཕྱི་ལོ་ ༡༩༥༩ ལོར་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་བཙན་བྱོལ་དུ་༸ཞབས་སོར་འཁོད་མཚམས། བོད་ཀྱི་སྨན་རྩིས་ཁང་གསར་འཛུགས་མཛད་པའི་རླབས་ཆེན་གྱི་མཛད་རྗེས་དོན་འཁྱོལ་ཆེད་དམ་པ་ཁོང་གིས་ཞབས་འདེགས་ཧ་ཅང་ཞུ་མྱོང་ཡོད་པ་མ་ཟད། ཕྱིས་སུ་བཞུགས་སྒར་དུ་རྒྱ་གར་ཡུལ་སྐོར་སྤྲོ་འཆམ་པ་མང་པོ་ཞིག་དམ་པ་ཁོང་ལ་སྨན་གཏུག་ཆེད་ཕེབས་མཁན་ཡིན་སྐོར་སོགས་གསུངས། གསུང་བཤད་གནང་རྗེས་ཕྱི་དྲོ་ཆུ་ཚོད་ ༥ བར་སྨོན་ལམ་གསུང་འདོན་གནང་ཡོད། དེ་བཞིན་བོད་མིའི་སྒྲིག་འཛུགས་ཆོས་རིག་ལས་ཁུངས་ནས་ཞིང་མཆོག་འདུས་པ་རྒྱ་མཚོར་བསྙེན་བཀུར་གསོལ་ཇ་དང་གྲྭ་བཙུན་སྔགས་གསུམ་ལ་སྐུ་འགྱེད་ཧིན་སྒོར་ ༡༠༠ རེ་ཕུལ་ཡོད།
སྤྱིར་རྒྱ་ནག་གཞུང་ནས་བོད་མི་རིགས་ལ་གཉའ་གནོན་དང་བཤུ་གཞོག དཔལ་འབྱོར་དབྱེ་འབྱེད། དེ་བཞིན་བོད་མིའི་འགྲོ་འདུག་སྤྱོད་གསུམ་གྱི་རང་དབང་བཙན་འཕྲོག་གིས་བོད་མིར་དྲག་རྡུང་ཁོ་ནའི་སྲིད་བྱུས་ལག་བསྟར་བྱས་ཏེ་མི་ལོ་ལྔ་བཅུ་ལྷག་བརྒལ་བཞིན་པར་བརྟེན། ཆེས་དྲག་གནོན་ཅན་གྱི་སྲིད་བྱུས་དེར་བོད་མི་རྣམས་བཟོད་ཐབས་བྲལ་ཏེ་ཕྱི་ལོ་ ༢༠༠༩ ཟླ་ ༢ ཚེས་ ༢༧ ཉིན་རྔ་པ་ཀིརྟི་དགོན་གྱི་གྲྭ་བཀྲ་བྷེ་ལགས་ཀྱིས་རྒྱ་ནག་གཞུང་ལ་ཞི་རྒོལ་སླད་རང་ལུས་མེར་སྲེག་བཏང་བ་ནས་བཟུང་ད་བར་ཤེས་རྟོགས་ར་སྤྲོད་གསལ་པོར་བྱུང་བ་རང་ལུས་མེར་སྲེག་གཏོང་མཁན་བོད་མི་གྲངས་ ༡༥༤ བྱུང་བའི་ཁོངས་ནས་མི་གྲངས་ ༡༣༢ འདས་གྲོངས་སུ་ཕྱིན་ཡོད་པ་བཅས། །