༢༠༡༩ ཟླ་ ༡༢ ཚེས་ ༢༠ རེས་གཟའ་པ་སངས།
༄༅། །ཕྱི་ལོ་ ༢༠༡༩ ཟླ་ ༡༢ ཚེས་ ༡༨ ཉིན་ཨ་རིའི་གྲོས་ཚོགས་ཀྱི་ཕྱི་འབྲེལ་ལས་དོན་ཚོགས་ཆུང་ནང་། བོད་དོན་རྒྱབ་སྐྱོར་སྲིད་བྱུས་ཀྱི་ཁྲིམས་འཆར་ཨང་(HR 4331) Tibetan Policy and Support Act 2019 ཞེས་པ་དེ་མང་གཙོ་དང་སྤྱི་མཐུན་ཚོགས་པ་ཐུན་མོང་གིས་སྤྱི་མོས་ཐོག་ནས་རྒྱབ་སྐྱོར་གནང་འདུག ཁྲིམས་འཆར་དེ་བཞིན་ཐོག་མར་ཕྱི་ལོ་ ༢༠༡༩ ཟླ་ ༩ ཚེས་ ༡༣ ཉིན་ཨ་རིའི་གྲོས་ཚོགས་འོག་མའི་ནང་གྲོས་ཚོགས་འཐུས་མི་སྐུ་ཞབས་ཇེམ་སི་མེག་གྷོ་ཝན་Rep. James McGovern མཆོག་གིས་བཏོན་གནང་ཡོད་ཅིང་། གྲོས་ཚོགས་གོང་མའི་ནང་དུ་གྲོས་ཚོགས་འཐུས་མི་སྐུ་ཞབས་མར་ཁོ་རུ་བྷིའོ་ Sen. Marco Rubio མཆོག་གིས་བཏོན་གནང་འདུག
ད་ཆ་ཁྲིམས་འཆར་དེ་གྲོས་ཚོགས་གོང་འོག་འཐུས་མི་ལྷན་ཚོགས་སྐབས་ཐོག་མར་ཉན་ཞིབ་དང་དེ་ནས་བགྲོ་གླེང་གོ་བསྡུར་སོགས་གནང་མཐར་ཁྲིམས་སུ་གཏན་འབེབས་བྱེད་མིན་ཐག་གཅོད་ཞུ་དགོས་སྟབས། བྱང་ཨ་རི་སྐུ་ཚབ་དོན་གཅོད་དངོས་གྲུབ་ཚེ་རིང་ལགས་ཀྱིས་ལས་གཞི་དེར་དམིགས་ནས་ཨ་རིའི་ནེ་ཝ་ཌ་ Nevada མངའ་སྡེའི་གྲོས་ཚོགས་འཐུས་མི་ལྕམ་སྐུ་ཌི་ན་ཊི་ཊུ་སི་Dina Titusམཆོག་མཇལ་འཕྲད་གནང་འདུག ཁོང་ནི་ཨ་རིའི་གྲོས་ཚོགས་ཀྱི་ཕྱི་འབྲེལ་ལས་དོན་ཚོགས་ཆུང་གི་ཨེ་ཤི་ཡའི་མངའ་ཁུལ་གྱི་སྡེ་ཚན་ནང་ཕྱག་ལས་གནང་བཞིན་པ་དང་། མཇལ་འཕྲད་སྐབས་ལྕམ་སྐུ་མཆོག་གིས་བོད་དོན་རྒྱབ་སྐྱོར་སྲིད་བྱུས་ཀྱི་ཁྲིམས་འཆར་ཨང་(HR 4331) Tibetan Policy and Support Act 2019 ཞེས་པ་དེར་རྒྱབ་སྐྱོར་གནང་རྒྱུའི་ཁས་ལེན་གནང་བ་མ་ཟད། རྒྱ་ནག་གཞུང་གིས་བོད་མིའི་ཆོས་དད་རང་དབང་ལ་རྩིས་མེད་རྡོག་རོལ་གཏོང་བཞིན་པ་དང་། བོད་མཐོ་སྒང་གི་ཁོར་ཡུག་མུ་མཐུད་གཏོར་བཤིག་གཏོང་བཞིན་པར་སེམས་འཚབ་ཀྱི་རྣམ་པ་བཏོན་པ་དང་སྦྲགས། དེང་སྐབས་རྒྱ་ནག་གཞུང་གིས་རྒྱུད་གཅིག་ལམ་གཅིག་ཟེར་བའི་དཔལ་འབྱོར་རྒྱ་སྐྱེད་ཀྱི་སྲིད་བྱུས་དེར་ཡང་དགོངས་ཚུལ་ཤུགས་ཆེ་ཡོད་སྐོར་གསུངས།།