ཕྱི་ལོ་ ༢༠༡༩ ཟླ་ ༡༢ ཚེས་ ༡༢ རེས་གཟའ་ཕུར་བུ།
༄༅། །བོད་མིའི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ལ་ནོ་སྦེལ་ཞི་བདེའི་གཟེངས་རྟགས་འབུལ་བཞེས་མཛད་ནས་མི་ལོ་ ༣༠ ཧྲིལ་པོ་འཁོར་བའི་དུས་ཚིགས་དང་བསྟུན། ཁེ་ན་ཌའི་གྲོས་ཚོགས་ནང་གྲོས་ཚོགས་འཐུས་མི་དཀར་པོ་ཆེ་བུ་འཁྲིད་ལ་མཆོག་གིས་གསུང་དོན།
ངས་རང་ཉིད་ཁེ་ན་ཌ་དང་བོད་རིགས་འདྲེས་མ་ཞིག་ཡིན་བསམ་པའི་སེམས་ནང་དགའ་སྤོབས་དང་བཅས་དེ་རིང་འདིར་ཡར་ལངས་དགོས་དོན་གང་ཡིན་ཞུ་ན། སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ལ་ནོ་སྦེལ་ཞི་བདེའི་གཟེངས་རྟགས་འབུལ་བཞེས་མཛད་ནས་ལོ་ངོ་ ༣༠ འཁོར་བའི་ཉིན་མོར་དགའ་བསུ་ཞུ་ཆེད་ཡིན། ཟླ་ ༡༢ ཚེས་ ༡༠ ཉིན་མོ་དེ་བཞིན་རྒྱལ་སྤྱིའི་འགྲོ་བ་མིའི་ཐོབ་ཐང་གི་ཉིན་མོ་ཞིག་ཡིན། ཉིན་མོ་དེར་༸གོང་ས་ཏཱ་ལའི་བླ་མ་མཆོག་ལ་ནོ་སྦེལ་ཞི་བདེའི་གཟེངས་རྟགས་འབུལ་ལམ་ཞུ་དགོས་དོན་ནི། ལུང་འདྲེན་གནང་དོན།
( འཚེ་མེད་ཞི་བའི་ཐབས་ལམ་འབའ་ཞིག་ལ་བརྟེན་ནས་བོད་མིའི་རང་དབང་ཆེད་ཐུགས་བརྩོན་མཛད་པར་བརྟེན་ནས་ཡིན། ) བོད་མི་ཚོས་རང་དབང་དང་འགྲོ་བ་མིའི་ཐོབ་ཐང་ཆེད་འཚེ་བ་མེད་པའི་ཐབས་ལམ་བརྒྱུད་འབད་བརྩོན་མུ་མཐུད་གནང་བཞིན་ཡོད། འོན་ཀྱང་བོད་ནང་གི་གནས་སྟངས་ཇེ་ཞན་ཇེ་སྡུག་ཏུ་འགྲོ་བཞིན་ཡོད། རྒྱ་ནག་གཞུང་གིས་བོད་མིའི་འགྲོ་བ་མིའི་ཐོབ་ཐང་ལ་མུ་མཐུད་བརྩི་མེད་རྡོག་རོལ་གཏོང་བཞིན་ཡོད།
བོད་མི་ཁོར་ཡུག་སྲུང་སྐྱོབ་ལས་འགུལ་བ་ཨ་ཉག་སེང་སྒྲ་ལགས་ལ་ཉེ་ལམ་རྒྱ་ནག་གཞུང་གིས་ལོ་ངོ་བདུན་གྱི་ཁྲིམས་ཆད་བཀལ་བ་མ་ཟད། བཀྲ་ཤིས་དབང་ཕྱུག་ལགས་ཀྱིས་བོད་ཀྱི་སྐད་ཡིག་རྒྱུན་འཛིན་ཆེད་ལས་འགུལ་སྤེལ་བ་ཙམ་ལ་བརྟེན་ནས་རྒྱ་ནག་གཞུང་གིས་ཁོང་བཙོན་འཇུག་བྱས་པ་རེད།
ཕྱི་ལོ་ ༢༠༠༩ ནས་ད་བར་བོད་མི་ ༡༥༠ ལྷག་གིས་རང་ལུས་མེར་སྲེག་བཏང་ནས་རྒྱ་ནག་གཞུང་གིས་ཁྲིམས་འགལ་གྱི་ཐོག་ནས་བོད་ས་དབང་སྒྱུར་བྱས་པར་ཞི་རྒོལ་གནང་ཡོད། རྒྱ་ནག་གཞུང་གིས་བོད་ཙམ་མ་ཟད། ཤར་ཏུར་ཀི་སི་ཐན་དང་ཧོང་ཀོང་ནང་དུའང་འགྲོ་བ་མིའི་ཐོབ་ཐང་བརྡལ་བཤིག་བཏང་ཡོད། ཡིག་ཆ་ཕྱིར་གྱར་བྱུང་བའི་ནང་གསལ་བ་ལྟར་ན། ཡུ་གུར་མི་རིགས་ཚོས་ཡུན་རིང་ནས་རྒྱ་ནག་གཞུང་གིས་ཡུ་གུར་མི་མང་ས་ཡ་ལྷག་ཁྲིམས་འགལ་འོག་ནས་དོ་དམ་བཀག་ཉར་བྱས་པའི་གནས་ཚུལ་དེ་དག་ད་ཆ་བདེན་པ་ཡིན་པ་ཁུངས་སྐྱེལ་ར་འཕྲོད་ཐུབ་པ་བྱུང་ཡོད། རྒྱ་ནག་གཞུང་གིས་ཡུ་གུར་མི་མང་བཀག་བསྐྱིལ་བྱེད་བཞིན་པ་དེ་དག་ལ་སློབ་གསོའི་ལས་འགུལ་ཟེར་བ་སྤེལ་བ་མ་ཟད། ངལ་རྩོལ་སྒྱུར་བཀོད་འོག་དཀའ་སྡུག་མྱོང་བཞིན་པ་རེད།
ཧོང་ཀོང་མི་མང་གིས་མང་གཙོ་དང་རང་དབང་དོན་དུ་ཞི་རྒོལ་སྐད་འབོད་བྱས་ནས་ད་ཆ་ཟླ་བ་བདུན་འགྲོ་མུས་རེད། རྒྱ་ནག་གཞུང་གིས་ཧོང་ཀོང་མི་མང་མང་པོ་ཞིག་འཛིན་བཟུང་བཀག་ཉར་བྱས་པ་སོགས་དྲག་སྤྱོད་སྣ་ཚོགས་སྤེལ་ནས་ལས་འགུལ་འགོག་ཐབས་བྱེད་བཞིན་ཡོད་ཀྱང་མི་མང་ཚོས་མུ་མཐུད་གཞུང་ལམ་ཐོག་ཐོན་ནས་རྒྱ་ནག་གཞུང་ལ་ངོ་རྒོལ་བྱེད་བཞིན་ཡོད། བོད་ཀྱི་༸གོང་ས་༸སྐྱབས་མགོན་ཏཱ་ལའི་བླ་མ་མཆོག་གིས་ནོ་སྦེལ་ཞི་བདེའི་གཟེངས་རྟགས་འབུལ་བཞེས་མཛད་སྐབས་བཀའ་སློབ་འདི་ལྟར་སྩལ་ཡོད།
༼ ང་ཚོ་འགྲོ་བ་མི་རིགས་ཡོངས་རྫོགས་སྤྱི་སྒེར་གཉིས་ཀས་རང་ཐག་རང་གཅོད་ཀྱི་ཐོབ་ཐང་དང་། རང་དབང་དོན་དུ་གཉེར་བ་རེད། ༽ ང་ཚོ་ཁེ་ན་ཌའི་མི་སེར་ཡིན་པའི་ངོས་ནས་བོད་མི་དང་ཡུ་གུར་མི་རིགས། ཧོང་ཀོང་མི་མང་བཅས་ཀྱི་འགྲོ་བ་མིའི་ཐོབ་ཐང་དང་རང་དབང་ཀྱི་འཐབ་རྩོད་ལ་རྒྱབ་སྐྱོར་དང་གདུང་སེམས་མཉམ་སྐྱེ་ངེས་པར་ཞུ་དགོས། རང་དབང་ལོངས་སུ་སྤྱོད་བཞིན་པའི་མི་མང་ཚོས་གཞན་གྱི་རང་དབང་ཆེད་རྒྱབ་སྐྱོར་ཞུ་དགོས་པ་ནི་བཟང་སྤྱོད་ཀྱི་འོས་འགན་ཞིག་ཀྱང་ཡིན། ཐུགས་རྗེ་ཆེ། ཞེས་གསུངས།།