ཕྱི་ལོ་ ༢༠༡༩ ཟླ་ ༡༢ ཚེས་ ༦ རེས་གཟའ་པ་སངས།
༄༅། །ཕྱི་ལོ་ ༡༩༧༣ ལོར་རྒྱ་གར་ལྷོ་ཕྱོགས་ཀོ་ལེ་གྷལ་དོན་ལྡན་གླིང་བོད་མིའི་གཞིས་ཆགས་སུ་བོད་མི་བཙན་བྱོལ་བ་རྣམས་གཞིས་སྤོས་གནང་བ་ནས་བཟུང་། ད་བར་ས་ཞིང་དེ་དག་ཤིང་ནགས་ས་ཆའི་ཐོ་གཞུང་ནང་ལྷག་ཡོད་སྟབས་ཁྲིམས་མཐུན་གྱིས་ས་ཞིང་བོགས་གཏོང་གནང་བ་ཞིག་ཆགས་ཐུབ་མེད། འོན་ཀྱང་གཙོ་ཆེར་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་དང་བོད་མིའི་སྒྲིག་འཛུགས་བཀའ་ཤག ལྷག་པར་ནང་སྲིད་ལས་ཁུངས་བརྒྱུད་མུ་མཐུད་ལྷོ་སྤྱི་དང་ས་གནས་འགོ་འཛིན་རྣམ་པས་ས་གནས་རྫོང་དཔོན་ལས་ཁུངས་ཀྱིས་གཙོས་འབྲེལ་ལས་ཁུངས་ཁག་ལ་ཡང་ཡང་བཅར་ནས་སྐུལ་འདེད་བཏང་བར་བརྟེན། ཕྱི་ལོ་ ༢༠༡༩ ཟླ་ ༨ ནང་ཀར་ན་ཊ་ཀ་མངའ་གཞུང་ནས་ཀོ་ལེ་གྷལ་དོན་ལྡན་གླིང་བོད་མིའི་གཞིས་ཆགས་ཀྱི་ས་ཞིང་དེ་དག་དབུས་བོད་མིའི་ངལ་སེལ་ཚོགས་པར་བོགས་གཏོང་གནང་བ་ཡིན་ཞེས་གཞུང་འབྲེལ་གསལ་བསྒྲགས་སྤེལ་བ་མ་ཟད།
ཕྱི་ལོ་ ༢༠༡༩ ཟླ་ ༡༢ ཚེས་ ༥ ཉིན་རྒྱ་གར་ལྷོ་ཕྱོགས་ཀོ་ལེ་གྷལ་བོད་མིའི་གཞིས་ཆགས་སུ་ས་གནས་རྫོང་དཔོན་སྦྲེལ་པོ་དང་། གྲོང་ཚོའི་འགོ་དཔོན། ས་གནས་འགོ་འཛིན་དགེ་ལེགས་འབྱུང་གནས་ལགས་བཅས་དབར་ཀོ་ལེ་གྷལ་དོན་ལྡན་གླིང་བོད་མིའི་གཞིས་ཆགས་ཀྱི་ས་ཞིང་རྣམས་བོགས་གཏོང་གནང་བའི་ས་ཞིང་ཡིན། ཞེས་ཁྲིམས་མཐུན་གན་ཡིག་བཞག་གནང་འདུག གན་ཡིག་དེར་ལྷོ་སྤྱི་ནས་ཀྱང་དཔང་པོའི་ཚུལ་དུ་མཚན་རྟགས་བཀོད་པ་དང་། མཛད་སྒོའི་སྐུ་མགྲོན་གཙོ་བོར་བོད་མིའི་སྒྲིག་འཛུགས་ཀྱི་ནང་སྲིད་བཀའ་བློན་འཁོར་ལྷ་ཚང་བསོད་ནམས་སྟོབས་རྒྱལ་མཆོག་ཕེབས་འདུག རིང་མིན་ཀོ་ལེ་གྷལ་བོད་མིའི་གཞིས་ཆགས་ཀྱི་ས་གནས་བོད་མི་རྣམས་ལ་ས་ཐོ་ལག་འཛིན་ཐོབ་རྒྱུ་ཡིན་འདུག ས་ཐོ་ལག་འཛིན་ཐོབ་པ་ཡིན་ན་ས་གནས་བོད་མི་རྣམས་ལའང་ཡུལ་མི་དང་མཚུངས་པར་ཟ་འབྲུའི་ཐོབ་ཐང་སོགས་འཚོ་སྣོན་རོགས་རམ་ཐོབ་རྒྱུ་ཡིན་འདུག
ནང་སྲིད་བཀའ་བློན་མཆོག་གིས་མཛད་སྒོའི་ཐོག་བོད་མིའི་སྒྲིག་འཛུགས་བཀའ་ཤག་གི་ལྔ་དང་ལྔ་བཅུའི་འཆར་སྣང་གི་གལ་གནས་སྤྱི་དང་། ལྷག་པར་བཙན་བྱོལ་བོད་མིའི་གཞིས་ཆགས་སྲ་བརྟན་ལས་གཞི་དེ་ཉིད་བཀའ་ཤག་གི་གལ་འགངས་ཆེ་ཤོས་ཀྱི་ལས་གཞིའི་གྲས་ཤིག་ཡིན་པ་གསུངས། ཕྱོགས་མཚུངས་བཀའ་བློན་མཆོག་གིས་རྒྱ་གར་གཞུང་གིས་བཙན་བྱོལ་བོད་མིར་མཐུན་རྐྱེན་སྦྱོར་སྤྲོད་བྱེད་ཕྱོགས་ཀྱི་སྲིད་བྱུས་ ༢༠༡༤ ཞེས་པ་གཏན་འབེབས་གནང་བའི་བརྒྱུད་རིམ་སོགས་གསུངས། ས་གནས་རྫོང་དཔོན་ལྕམ་སྐུ་བྷི་བྷི་ཀ་ཝེ་རི་ལགས་ནས་ཀྱང་ཐེངས་འདིར་བོད་མི་བཙན་བྱོལ་བ་རྣམས་ཀྱི་གཞིས་ཆགས་ཀྱི་ས་ཞིང་རྣམས་ཁྲིམས་མཐུན་ས་ཞིང་བོགས་གཏོང་གི་དེབ་འགོད་གནང་ཐུབ་པར་དགའ་ཚོར་བྱུང་སྐོར་དང་། ལས་དོན་དེ་ལེགས་གྲུབ་བྱུང་བར་བརྟེན་ཞིང་པ་རྣམས་ལ་གཞུང་གི་སོ་ནམ་ལས་གཞི་དང་འབྲེལ་བའི་མཐུན་འགྱུར་རོགས་རམ་ཐོབ་རྒྱུ་དང་། ལྷག་པར་རྫོང་དཔོན་ནས་བོད་ཕྲུག་ཚོའི་ཤེས་ཡོན་ཐོག་འཐུས་ཤོར་མེད་པ་དགོས་གལ་དང་། ཕྱོགས་མཚུངས་སྒོ་ཕྱུག་གསོ་སྐྱོང་དང་། ས་གནས་སུ་ཡུལ་སྐོར་སྤྲོ་འཆམ་ལས་གཞི་གོང་འཕེལ་ཐོག་ཤུགས་རྒྱག་དགོས་གལ་གསུངས།
ལྷོ་སྤྱི་ནས་ཀྱང་ཐེངས་འདིར་ས་ཞིང་བོགས་གཏོང་གི་ཁྲིམས་མཐུན་དེབ་འགོད་ཐུབ་སླད་འབྲེལ་ཡོད་ཚང་མས་སྐུ་ངལ་ཇི་ཙམ་བསྐྱོན་པ་དང་། གན་ཡིག་དེའི་གལ་གནད་ཆེ་ཚུལ། ལྷག་པར་ཀར་ན་ཊ་ཀ་མངའ་སྡེའི་གཞུང་དང་རྫོང་ལས་ཁུངས་སོགས་ལ་ཐུགས་རྗེ་ཆེ་ཞུས་འདུག ཀོ་ལེ་གྷལ་ས་གནས་འགོ་འཛིན་དགེ་ལེགས་འབྱུང་གནས་ལགས་ཀྱིས་ངོ་སྤྲོད་ཀྱི་གསུང་བཤད་གནང་འདུག་པ་བཅས། །