ཕྱི་ལོ་ ༢༠༡༩ ཟླ་ ༡༢ ཚེས་ ༡༥ རེས་གཟའ་ཉི་མ།
༄༅། །འདི་གའི་ཆེད་གཉེར་གསར་འགོད་པ་ཡེ་ཤེས་ཀུན་གྲགས་ལགས་ཀྱིས་ས་གནས་ནས་བཏང་གནས་ནང་འཁོད་དོན། ཕྱི་ལོ་ ༢༠༡༩ ཟླ་ ༡༢ ཚེས་ ༡༥ ཉིན་བོད་མིའི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་རྒྱ་གར་ལྷོ་ཕྱོགས་མོན་གྷོ་འདོད་རྒུ་གླིང་བོད་མིའི་གཞིས་ཆགས་སུ་རྟེན་གཞི་བྱས་པའི་དཔལ་ལྡན་འབྲས་སྤུངས་བཀྲ་ཤིས་སྒོ་མང་གྲྭ་ཚང་གི་རྩོད་རྒྱུགས་ལས་རིམ་ཐོག་དབུ་བཞུགས་དང་། དཔལ་ལྡན་འབྲས་སྤུངས་མཁས་མང་བློ་གསལ་བྱེ་བའི་གླིང་འདུ་ཁང་དུ་ཕེབས་སྟོན་མཛད་སྒོར་ཆིབས་བསྒྱུར་གྱིས་བཀའ་སློབ་སྩལ་ཡོད།
དེ་ཡང་གོང་ཚེས་ཉིན་གྱི་སྔ་དྲོ་ཆུ་ཚོད་ ༨།༥༠ ཙམ་ལ་མགོན་པོ་གང་ཉིད་མཆོག་དཔལ་ལྡན་འབྲས་སྤུངས་བཀྲ་ཤིས་སྒོ་མང་གྲྭ་ཚང་གི་གཟིམ་ཆུང་ཕོ་བྲང་ནས་དུང་རྒྱ་སྤོས་སྣེས་སྔོན་བསུས་ཏེ་བཞུགས་ཁྲི་རིན་པོ་ཆེར་༸ཞབས་སོར་འཁོད་བསྟུན་འབྲས་སྤུངས་བཀྲ་ཤིས་སྒོ་མང་འདུ་ཁང་དུ་དགེ་འདུན་པ་ཁག་གཅིག་གིས་ཆུ་ཚོད་གཉིས་ཙམ་རིང་མདོ་སྡེ་རྒྱན་དང་རྒྱུད་བླ་མ། རྩ་བ་ཤེས་རབ། དབུས་མཐའ་རྣམ་འབྱེད། ཆོས་ཉིད་རྣམ་འབྱེད་སོགས་ཀྱི་རྩོད་རྒྱུགས་སྤྱན་འབུལ་ཞུས།
དེ་ནས་མགོན་པོ་གང་ཉིད་མཆོག་སྔ་དྲོ་ཆུ་ཚོད་ ༡༡ ཙམ་ལ་ཆིབས་འགྲོ་བརྒྱུད་དཔལ་ལྡན་འབྲས་སྤུངས་མཁས་མང་བློ་གསལ་བྱེ་བའི་གླིང་འདུ་ཁང་གི་སྒོ་འཕྱོར་འགྲམ་དུ་༸ཞབས་སོར་འཁོད་སྐབས་མཁན་ལས་ཟུར་དང་དགེ་བཤེས་རྣམས་ཀྱིས་སེར་ཕྲེང་བསྒྲིགས་ཏེ་ཕེབས་བསུ་གཟབ་རྒྱས་ཞུས་ཡོད།
དེ་ནས་འདུ་ཁང་ནང་༸ཞབས་སོར་འཁོད་མཚམས་རྒྱ་གར་ཧིན་དུའི་བླ་ཆེན་དང་ས་གནས་ཀྱི་གནད་ཡོད་མི་སྣ་ཁག་གཅིག་གིས་གུས་བསུའི་ཞལ་མཇལ་ཞུས་པ་དང་། དགའ་ལྡན་ཁྲི་གདན་ཟུར་རྣམ་གཉིས་མཆོག མཚུངས་མེད་ཤར་བྱང་གི་ཆོས་རྗེ་རྣམ་པ་གཉིས་མཆོག གདན་ས་གྲྭ་ཚང་ཁག་གི་མཁན་ལས་ཟུར་རྣམ་པ། སྐྱབས་རྗེ་སློབ་དཔོན་ཟམ་གདོང་རིན་པོ་ཆེ་མཆོག འབྲས་སྤུངས་བློ་གསལ་གླིང་གི་ཕྱག་མཛོད། ལྡི་ལི་སྐུ་ཚབ་དོན་གཅོད་བཀའ་ཟུར་འབྲོང་ཆུང་དངོས་གྲུབ་མཆོག ས་གནས་ཀྱི་གཞུང་དང་གཞུང་འབྲེལ་མིན་པའི་ཚོགས་སྡེ་ཁག་གི་འགན་འཛིན་སོགས་ནས་ཕེབས་བསུའི་སྣེ་ལེན་གཟབ་རྒྱས་ཞུས།
དེ་རྗེས་འབྲས་སྤུངས་བློ་གསལ་གླིང་གི་མཁན་རིན་པོ་ཆེ་མཆོག་གིས་མཎྜལ་རྟེན་གསུམ་འདེགས་འབུལ་ཞུས་གྲུབ་མཚམས་མགོན་པོ་གང་ཉིད་མཆོག་གིས་བཀའ་སློབ་སྩལ་དོན།
དེ་རིང་ཆེད་མངགས་བློ་གསལ་གླིང་གྲྭ་ཚང་དུ་བཅར་བ་རེད། གྲྭ་ཚང་གི་གནས་བརྟན་དགེ་བཤེས་བགྲེས་སོང་རྣམ་པ་དང་། བླ་སྤྲུལ། དེ་བཞིན་སྦྱིན་བདག་རྣམ་པ་བཅས་ཕེབས་པར་ཐུགས་རྗེ་ཆེ་ཞེས་ཞུ་རྒྱུ་ཡིན། གྲྭ་ཚང་འདིའི་ཡིག་ཆ་པཎ་ཆེན་བསོད་ནམས་གྲགས་པའི་ཡིག་ཆ་དེ་དག་ཧ་ཅང་གནད་ཆེན་པོ་ཞིག་རེད་འདུག ངོས་ཀྱིས་ཡུམ་དོན་གསལ་བའི་སྒྲོན་མེ་དེ་རྟག་པར་སྐབས་འགར་ཀློག་བཞིན་ཡོད། ཧ་ཅང་ཡག་པོ་འདུག ངོས་ཀྱིས་རྒན་ཉི་མའི་སྐུ་མདུན་ནས་བཤད་ལུང་ཞུས་པ་རེད།
ངོས་ཀྱི་དགེ་རྒན་གཙོ་བོ་གླིང་རིན་པོ་ཆེ་རེད། གླིང་རིན་པོ་ཆེའི་རྩེད་ཐང་པཎ་ཆེན་གྱི་བློ་གསལ་གླིང་གི་ཡིག་ཆ་འདི་ཧ་ཅང་གཙིགས་ཆེན་པོ་གནང་གི་རེད། ངོས་ཀྱིས་རྒན་ཉི་མའི་སྐུ་མདུན་ནས་གསུང་ཆོས་མང་པོ་ཞུས་པ་རེད། རྒན་ཉི་མས་འཇམ་དབྱངས་བཞད་པའི་ཡིག་ཆར་གཙོ་ཆེ་ཤོས་གནང་གི་རེད། ངོས་ཀྱིས་འཇམ་དབྱངས་བཞད་པའི་ཡིག་ཆ་ཞུས་ན་ཡོངས་འཛིན་རིན་པོ་ཆེས་རྩེད་ཐང་པཎ་ཆེན་ཁྱོན་ནས་འདྲ་གི་མ་རེད་ཅེས་ཞེ་དྲགས་གསུང་གི་རེད།(བཞད་མོ་བཞད)
རྒན་ཉི་མས་ཀུན་མཁྱེན་བླ་མའི་ཡིག་ཆ་འདི་གཙོ་ཆེ་ཤོས་གནང་གི་འདུག གང་ལྟར་མཁས་མང་བློ་གསལ་གླིང་གྲྭ་ཚང་ཞེས་འབྲས་སྤུངས་ལ་མཚོན་ན་འབྲས་སྤུངས་ཕོ་བྲང་གི་ཞོལ་བྱང་ངོས་ན་བློ་གསལ་གླིང་གི་ཆོས་ར་ཡོད་པ་རེད། ཆོས་ར་དེའི་ནང་ནས་མཁས་སྒྲུབ་གཉིས་ལྡན་གྱི་སྐྱེས་བུ་དམ་པ་མང་པོ་བྱུང་ཡོད། དུས་ཕྱིས་སུ་མཚན་ཞབས་གནང་མཁན་གཅིག་ནི་རྒན་ཏྲེ་ཧོར་སྐྱོར་དཔོན་རེད། ཕྱག་དཔེ་ཧ་ཅང་ཡག་པོ་ཡོད་པ་མ་ཟད། བྱ་བྲལ་བྱས་ནས་བཞུགས་པ་རེད།
ང་ཚོ་བཙན་བྱོལ་དུ་གྱར་ནས་བཙན་བྱོལ་བའི་མིང་ཁུར་ཏེ་ཐབས་སྐྱོ་བོ་འདྲ་ཞིག་ཡིན་ནའང་དཔལ་ནཱལེནྜའི་ཆོས་བརྒྱུད། རིགས་པའི་ལམ་ནས་གཏན་ལ་ཕབ་ནས་མུ་མཐུད་དེ་འཛིན་སྐྱོང་སྤེལ་གསུམ་བྱེད་མཁན་ནི་གདན་ས་ཁག་དེ་དག་གཙོ་བོ་རེད་འདུག ཁྱེད་རང་ཚོས་དཀའ་ངལ་ལ་མ་འཛེམས་པར་ཧུར་ཐག་འབད་ཐག་བྱས་པ་རེད། ཐུགས་རྗེ་ཆེ་ཞེས་ཞུ་རྒྱུ་ཡིན། སྦྱིན་བདག་ཚོ་ཡིན་ནའང་ལོ་རྒྱུས་ནང་སྐད་གྲགས་ཡོད་པའི་སློབ་གཉེར་ཁང་གི་ཐོག་ལ་ཞལ་འདེབས་ལྟ་བུ་ཆེ་བཞག་ཆུང་བཤོལ་བྱས་ནས་འབུལ་གྱི་ཡོད་པ་རེད། དངུལ་ཞལ་འདེབས་སྤྲོད་ས་མ་ནོར་བ་ཧ་ཅང་ཡག་པོ་རེད། ཐུགས་རྗེ་ཆེ་ཞེས་ཞུ་རྒྱུ་ཡིན། བཀྲ་ཤིས་བདེ་ལེགས། ཞེས་བཀའ་སློབ་སྩལ་རྗེས་གཟིམ་ཆུང་ཕོ་བྲང་དུ་ཆིབས་སྒྱུར་བསྐྱངས་ཡོད་པ་བཅས། །