ཕྱི་ལོ་ ༢༠༡༩ ཟླ་ ༡༡ ཚེས་ ༣ རེས་གཟའ་ཉི་མ།
༄༅། །ཕྱི་ལོ་ ༢༠༡༩ ཟླ་ ༡༡ ཚེས་ ༣ རེས་གཟའ་ཉི་མའི་སྔ་དྲོ་ཆུ་ཚོད་ ༩ ཐོག་བོད་མིའི་སྒྲིག་འཛུགས་ཀྱི་དཔལ་ལྡན་སྲིད་སྐྱོང་བློ་བཟང་སེངྒེ་མཆོག་གིས་རྒྱལ་སྤྱིའི་བོད་དོན་རྒྱབ་སྐྱོར་ཚོགས་པའི་ཚོགས་ཆེན་ཐེངས་བརྒྱད་པའི་དབུ་འབྱེད་མཛད་སྒོར་གསུང་བཤད་གནང་དོན། ང་ཚོ་བོད་མི་ཚོ་རྟགས་རྟེན་འབྲེལ་དང་། ལྷ་བླ་མའི་མོ་ལུང་རྩིས་སོགས་ལ་ཡིད་ཆེས་བྱེད་ཀྱི་ཡོད། དེར་བརྟེན་ངས་འབྲེལ་ཡོད་ལས་བྱེད་ལ་འདས་པའི་རྒྱལ་སྤྱིའི་བོད་དོན་རྒྱབ་སྐྱོར་ཚོགས་པའི་ཚོགས་ཆེན་ཐོག་བཞག་པའི་གྲོས་ཆོད་ཁག་འཁྱེར་ཤོག་ཞུས་པ་ཡིན། ད་ཐེངས་ཚོགས་ཆེན་ཐེངས་བརྒྱད་པ་རེད། གྲངས་བརྒྱད་ནི་བོད་མི་ཚོས་རྟེན་འབྲེལ་བཟང་པོ་ཞིག་ལ་རྩི་སྲོལ་ཡོད། ངས་གཏམ་བཤད་འདི་ཡང་གྲངས་ཀ་བརྒྱད་ཐོག་མཇུག་སྡོམ་ཞུ་རྒྱུ་ཡིན། ངས་ཕྱི་ལོ་ ༡༩༩༠ ལོར་ལྷན་ཚོགས་ཐེངས་པོའི་སྐབས་བཞག་པའི་གྲོས་ཆོད་ལ་ལྟ་སྐབས། ལོ་དེར་རྒྱལ་སྤྱིའི་ནང་དོན་རྐྱེན་ཧ་ཅང་གལ་གནད་ཆེན་པོ་དེ་འདྲ་བྱུང་ཡོད། འདིར་ལྷོ་ཨ་ཕི་རི་ཀ་ནས་སྐུ་ཚབ་ཕེབས་ཡོད། ལོ་དེར་སྐུ་ཞབས་ནེལ་སོན་མན་ཌེ་ལ་མཆོག་བཙོན་ཁང་ནས་གློད་བཀྲོལ་ཐོབ་ཡོད། རང་དབང་ཐོབ་རྗེས་ཡུལ་དེར་མང་གཙོའི་ལམ་ལུགས་གསར་འཛུགས་གནང་འདུག
ཁོང་ལོ་ངོ་ ༢༧ རིང་ཨིན་ཇིའི་བཙོན་ཁང་དུ་ལུས་པར་བརྟེན་མཐར་དེ་ལྟ་བུའི་འགྱུར་བ་ཞིག་ཡོང་གི་རེད་བསམ་པ་སུ་གང་ལའང་བྱུང་མེད། ལོ་ངོ་ ༢༧ དེའི་རིང་ལོ་བརྒྱད་བཙོན་གྲོགས་གཞན་མེད་པར་གཅིག་པུར་བཀག་ཉར་བྱས་པ་རེད། ང་རང་བཙོན་ཁང་དེར་ཕྱིན་པ་ཡིན།
འདིར་འཇར་མན་ནས་སྐུ་ཚབ་ཕེབས་ཡོད། ཉེ་ཆར་འཇར་མན་སྐུ་ཚབ་ཚོགས་པ་ཞིག་རྡ་སར་ཕེབས་སྐབས་ཁོང་ཚོར་རེ་བ་ཞིག་དང་སྙིང་སྟོབས་སྐྱེ་གཞིའི་སྐད་ཆ་ཚིག་གསུམ་བརྗོད་རོགས་གསུངས་བྱུང་། སྐབས་དེར་ངས་ཁོང་རྣམ་པར། ཁྱེད་རྣམ་པ་འཇར་མན་ཡུལ་ནས་ཕེབས་པ་རེད། དེ་སྔ་འཇར་མན་ཤར་ནུབ་གཉིས་དབར་གྱང་ཆེན་པོ་ཞིག་བཟོས་པ་དེ་ཁྱེད་ཚོས་བཤིག་ནས་འཇར་མན་ཤར་ནུབ་གཅིག་ཆགས་པ་རེད། ང་ཚོར་ཁྱེད་ཚོའི་སར་ནས་སྙིང་སྟོབས་སྐྱེས་བྱུང་། ད་ཆ་ཁྱེད་རྣམ་པ་རྡ་སར་ཕེབས་ནས་ང་ཚོའི་སར་ནས་བློ་སྐྱེད་ལེན་ཐབས་གནང་བཞིན་ཡོད་དམ། ཞེས་ངས་ཡ་མཚན་དང་སྦྲགས་བཀའ་འདྲི་ཞུ་རྒྱུ་བྱུང་།
འདིར་ཅེག་སྤྱི་མཐུན་རྒྱལ་ཁབ་དང་སི་ལོ་ཝ་ཀི་ཡ་ནས་སྐུ་ཚབ་ཕེབས་ཡོད། དེ་སྔ་ང་རང་ཡུལ་དེར་བསྐྱོད་སྐབས་ཁོང་རྣམ་པས་ཀྱང་བོད་དོན་རྒྱབ་སྐྱོར་བྱ་རྒྱུ་ད་ཆ་སེམས་ཤུགས་ཕྲན་བུ་ཉམས་རྒུད་འགྲོ་བཞིན་འདུག སྙིང་སྟོབས་སྤེལ་རོགས་གསུང་བྱུང་། སྐབས་དེར་ངས་ཁོང་རྣམ་པར། ཁྱེད་ཚོའི་སྲིད་འཛིན་སྐུ་གཤེགས་ཝ་སི་ལབ་ཧ་ཝེལ་ Vaclav Havel དམ་པ་མཆོག་གི་དབུ་ཁྲིད་ལམ་སྟོན་འོག་ཝལ་ཝེཌ་གསར་བརྗེ་ velvet revolution བྱུང་བ་མ་ཟད། བཅའ་ཁྲིམས་ ༧༧ ཞེས་པ་གཏན་འབེབས་གནང་ནས་མང་གཙོའི་ལམ་ལུགས་སྲ་བརྟན་གཏན་འབེབས་གནང་ཐུབ་པ་བྱུང་ཡོད། དེར་བརྟེན་ང་ཚོ་བོད་མི་ཚོའི་མིག་དཔེ་ལྟ་ས་ཁྱེད་རྣམ་པ་ཆགས་ཡོད། ཁྱེད་རྣམ་པས་ང་ཚོའི་སར་ནས་ལམ་སྟོན་མ་ཞུ་རོགས། ཞེས་ཞུ་རྒྱུ་བྱུང་།
སྤྱིར་ཕྱི་ལོ་ ༡༩༩༠ གོ་གྲངས་ཀྱི་དུས་སྐབས་དེ་དུས་སྐབས་བཟང་པོ་ཞིག་ཡིན་པ་དང་། ལྷག་པར་བོད་མི་ཚོར་མཚོན་ནའང་རྒྱལ་སྤྱིའི་ཐོག་བོད་དོན་རྒྱབ་སྐྱོར་ཚད་མཐོ་ཤོས་ཀྱི་དུས་སྐབས་ཤིག་ཆགས་ཡོད། གང་ཡིན་བརྗོད་ན་དུས་སྐབས་དེའི་རིང་འཛམ་གླིང་ཁྱོན་དུ་མང་གཙོ་དང་འགྲོ་བ་མིའི་ཐོབ་ཐང་ཐོག་ཡོངས་ཁྱབ་གཡོ་འགུལ་ཧ་ཅང་ཆེན་པོ་ཞིག་ཐེབས་ཡོད་སྟབས། རང་ཤུགས་ཀྱིས་བོད་དོན་ཐོག་ལའང་རྒྱབ་སྐྱོར་ཤུགས་ཆེ་ཐོབ་ཡོད། ད་ཆ་ང་ཚོར་དྲི་བ་ཞིག་ཡོད་པ་ནི། ང་ཚོ་ད་ལྟ་ཕྱི་ལོ་ ༡༩༩༠ གོ་གྲངས་ཀྱི་དུས་སྐབས་དང་མཚུངས་པའི་གནས་སྟངས་ཤིག་འོག་ལ་གནས་ཡོད་མེད་ཀྱི་དྲི་བ་འདི་རེད། དེ་ལྟར་མིན་ཚེ་བོད་དོན་རྒྱབ་སྐྱོར་གྱི་ལས་འགུལ་དེ་དག་ཀྱང་ཟུར་དུ་གཞག་རྒྱུ་རེད། འོན་ཀྱང་ངས་དེང་སྐབས་ཤོད་བཞིན་པ་ནི། ད་ཆ་ང་ཚོ་དེ་སྔ་ཕྱི་ལོ་ ༡༩༩༠ གོ་གྲངས་ཀྱི་དུས་སྐབས་ནང་བསྐྱར་དུ་འཛུལ་ཞུགས་བྱེད་ཀྱི་ཡོད་པ་བརྗོད་ཀྱི་ཡོད།
ཉེ་ལམ་ངས་གནས་ཚུལ་ཞིག་མཐོང་བ་དེའི་ནང་ལེ་བྷེ་ནོན་ Labanon ཡུལ་གྱི་སྲིད་བློན་དགོངས་པ་ཞུ་དགོས་ཆགས་འདུག གང་ཡིན་བརྗོད་ན་གཞི་རིམ་མི་མང་གིས་ཁོང་ལ་མི་འདོད་པའི་རྣམ་འགྱུར་ཤུགས་ཆེ་བསྟན་པ་ལ་བརྟེན་ནས་རེད། ཕྱོགས་མཚུངས་ཨི་རཱག་ནང་གཟིགས་དང་། ངས་འདིར་སུ་གང་གི་ཕྱོགས་གཏོགས་བྱེད་ཀྱི་མེད། ཨི་རཱག་སྲིད་བློན་མཆོག་ཁ་སང་དགོངས་པ་ཞུས་འདུག ཕྱི་ལོ་ ༡༩༩༠ གྲངས་ནང་ཅེག་སྤྱི་མཐུན་རྒྱལ་ཁབ་ཀྱི་རྒྱལ་ས་པྲཱག་ནང་མི་མང་གི་ཞི་རྒོལ་རྔམ་སྟོན་བྱས་པ་དང་། དེ་བཞིན་ཊར་ཀིའི་རྒྱལ་ས་ཨི་ཙན་བྷུལ་དུ་མི་མང་གི་རྔམ་སྟོན་བྱས་པ་སོགས་ལ་བརྟེན་ནས་གསར་བརྗེ་བྱུང་བ་རེད། ཕྱོགས་མཚུངས་ལྷོ་ཨ་རིའི་ཝེན་ནེ་ཛུ་ལར་གཟིགས་དང་། ལྷག་པར་ང་ཚོའི་གྲོགས་པོ་ཧོང་ཀོང་མི་མང་གི་རྔམ་སྟོན་ལས་འགུལ་འབྱུང་བཞིན་པ་རེད། དེར་བརྟེན་ཕྱི་ལོ་ ༡༩༩༠ གོ་གྲངས་ཀྱི་དུས་སྐབས་བསྐྱར་དུ་ཤར་ཡོད། ད་ཆ་འཛམ་གླིང་ས་ཕྱོགས་གང་སར་འགྲོ་བ་མིའི་ཐོབ་ཐང་དང་རང་དབང་། མང་གཙོ་དགོས་པའི་མངོན་འདོད་ཕྱོགས་བཅུར་སྒྲོག་བཞིན་འདུག ཧོང་ཀོང་མི་མང་ཚོས་མང་གཙོ་དང་རང་དབང་འཐབ་རྩོད་ཀྱི་ལས་འགུལ་དེ་དག་འཕྲལ་སེལ་ཙམ་མིན་པར་ཡུན་རིང་འཐབ་རྩོད་ཀྱི་ལས་འགུལ་ཞིག་ཡིན་པའི་བརྡ་ལན་གསལ་པོ་བཏང་ཡོད།
ཤར་ཏུར་ཀི་སི་ཐན་དང་ཐེ་ཝན་མི་མང་གི་གྲོགས་པོ་གྲོགས་མོ་ཚོར་མཚོན་ནའང་། ཕྱི་ལོ་ ༢༠༢༠ ཟླ་ ༡ ཚེས་ ༡༡ ཉིན་ཐེ་ཝན་ནང་སྲིད་འཛིན་གྱི་འོས་བསྡུ་གནང་རྒྱུ་རེད། སྔོན་འགྲོའི་འོས་ཤོག་འཕེན་སྐབས་སྲིད་འཛིན་ལས་ཐོག་ཚའི་ཨེན་ཝིན་མཆོག་ལ་འོས་ཤོག་མང་པོ་ཐོབ་ཀྱང་། ལྷག་པར་ཧོང་ཀོང་ནང་མི་མང་གི་རྔམ་སྟོན་ལས་འགུལ་བྱུང་རྗེས་སྲིད་འཛིན་མཆོག་ལ་རྒྱབ་སྐྱོར་དེ་བས་ཤུགས་ཆེ་རུ་ཕྱིན་ཡོད། ཅེས་སོགས་ཀྱི་གསུང་བཤད་གནང་འདུག །