༢༠༡༩ ཟླ་ ༡༡ ཚེས་ ༢༥ རེས་གཟའ་ཟླ་བ།
༄༅། །འདི་གར་སྦར་སེལ་སྐུ་ཚབ་དོན་ཁང་ནས་བཏང་གནས་ནང་འཁོད་དོན། དེ་རིང་(༢༠༡༩/༡༡/༢༤)གཟའ་ཉི་མའི་ཉིན་སྦར་སེལ་སྐུ་ཚབ་དོན་གཅོད་བཀྲ་ཤིས་ཕུན་ཚོགས་ལགས་ས་གནས་འཇམ་དབྱངས་བློ་འཕེལ་སློབ་གྲྭར་གཟིགས་སྐོར་དགེ་ལས་སློབ་མ་རྣམས་ལ་ལམ་སྟོན་གསུང་བཤད་གནང་འདུག
སྐབས་དེར་ཁོང་གིས་ནུབ་ཕྱོགས་ཡུལ་གྲུར་བོད་ཡིག་སློབ་ཁྲིད་ཆེད་གཟའ་མཇུག་སློབ་གྲྭ་ཡོད་པ་དེ་དག་རྒྱ་གར་ནང་གི་སློབ་གྲྭ་ཁག་དང་གཏན་ནས་མི་འདྲ་བར་མང་ཚོགས་རང་ནས་དང་བླངས་ཐོག་ནས་ལས་ཀ་བྱེད་བཞིན་ཡོད་པ་དང་། གཟའ་མཇུག་སློབ་གྲྭ་ཁག་ལ་འཛིན་སྐྱོང་གི་སྔོན་རྩིས་དང་དཔལ་འབྱོར་སོགས་གང་ཡང་མེད་ཅིང་། དགེ་རྒན་དང་ལས་བྱེད་རྣམས་ཀྱིས་ཀྱང་སོ་སོའི་དུས་ཚོད་ལྷག་མ་དེ་བོད་སྐད་གཟའ་མཇུག་སློབ་གྲྭར་ཞལ་འདེབས་ཕུལ་ནས་ལས་ཀ་བྱེད་ཀྱི་ཡོད་པ་དང་།
བློས་གཏོང་དེ་ལྟར་གནང་བ་དེ་དེ་ལས་སླ་པོ་ཞིག་རྩ་བ་ནས་མེད་པ་དང་། དཀའ་ངལ་མང་དག་ཅིག་ལ་གདོང་ལེན་གནང་དགོས་པ་རེད། འོན་ཀྱང་དེ་ལྟར་གནང་བ་དེ་ནི་ལྷག་བསམ་ལ་བརྟེན་ནས་ཡིན་སྐོར་དང་། དགེ་ལས་རྣམས་ཀྱི་བློ་གཏོང་ལ་ཡི་རང་བསྔགས་བརྗོད་རྒྱ་ཆེ་གནང་དོན། ཁྱེད་ཚོའི་ལྷག་བསམ་རྣམ་དག་གི་ཐོག་ནས་འབད་བརྩོན་དེ་ལྟར་གནང་བ་དེར་ངས་སེམས་གཏིང་ནས་རྗེས་སུ་ཡི་རང་དང་རྒྱབ་སྐྱོར་ཞུ་བཞིན་ཡོད། དོན་གཅོད་ལས་ཁུངས་ལ་གཞུང་འབྲེལ་ལས་དོན་བྲེལ་ཟིང་ཆེ་བར་བརྟེན་ཡང་ཡང་གཟའ་མཇུག་སློབ་གྲྭར་བཅར་མ་ཐུབ་ཀྱང་། དུས་ཚོད་ནམ་ཁོམ་སྐབས་འདིར་གང་ཐུབ་ཡོང་ནས་ཁྱེད་རྣམ་པའི་ལས་དོན་ལ་ཁ་ཞེ་གཉིས་མེད་ཀྱིས་རྒྱབ་སྐྱོར་ཞུ་བཞིན་ཡོད། ཅེས་གསུངས། གཞན་ཡང་སྐབས་དེར་ཆོས་རིག་འཛིན་སྐྱོང་ཁང་གི་སྤྱི་ཁྱབ་འགན་འཛིན་ལགས་ཀྱིས་སློབ་གྲྭའི་གནས་སྟངས་དང་མ་འོངས་པའི་རེ་བ་སོགས་སྐོར་གསུངས་ཡོད་པ་བཅས།