ཕྱི་ལོ་ ༢༠༡༩ ཟླ་ ༡༡ ཚེས་ ༡༨ རེས་གཟའ་ཟླ་བ།
༄༅། །ཕྱི་ལོ་ ༢༠༡༩ ཟླ་ ༡༡ ཚེས་ ༡༨ རེས་གཟའ་ཟླ་བ་ཉིན་གྱི་སྔ་དྲོ་ཆུ་ཚོད་ ༩།༣༠ ཙམ་ལ་ཧི་མཱ་ཅལ་མངའ་སྡེའི་སྲིད་སྐྱོང་སྐུ་ཞབས་བྷན་དཱ་རུ་དཌ་ད་ཏྲི་ཡ་ Shri Bandaru Dattatreya མཆོག་བཞུགས་སྒར་༸རྒྱལ་བའི་ཕོ་བྲང་དུ་ཆེད་བཅར་གྱིས་བོད་ཀྱི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་མཇལ་ཁ་ཞུས་འདུག
དེ་ཡང་སྐབས་དེར་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་༸སྐུའི་རླབས་ཆེན་གྱི་མཛད་ཁུར་གཙོ་བོ་བཞིའི་ཐོག་ཐུགས་བརྩོན་ཇི་ལྟར་མཛད་བཞིན་པ་ངོ་སྤྲོད་མཛད་པ་དང་། ལྷག་པར་ཐུགས་བསྐྱེད་དམ་བཅའ་བཞི་པ་རྒྱ་གར་གནའ་རབས་ཀྱི་སེམས་ཁམས་རིག་པའི་རྣམ་གཞག་དང་། ཞི་གནས་དང་ལྷག་མཐོང་སོགས་བློའི་རྣམ་གཞག་དང་བྱེད་ལས་སྐོར་དེང་སྐབས་དུས་རབས་ ༢༡ ནང་དུའང་ཚན་རིག་པས་ཀྱང་དོ་སྣང་ཧ་ཅང་བྱེད་བཞིན་པ་དང་། རིག་གནས་དེ་དག་གིས་མིའི་བསམ་བློར་ཞི་བདེ་བསྐྲུན་རྒྱུར་ཕན་རླབས་ཧ་ཅང་ཡོད་སྟབས། མགོན་པོ་གང་ཉིད་ཀྱིས་དེང་སྐབས་རིག་གནས་དེ་དག་རྒྱ་གར་ནང་སླར་གསོ་ཡོང་ཐབས་མཛད་བཞིན་པའི་སྐོར་བཀའ་སློབ་སྩལ་ཡོད་འདུག
དེ་ཡང་མགོན་པོ་གང་ཉིད་ཀྱིས་ཉེ་ལམ་རྒྱ་གར་གྱི་སྲིད་བློན་ན་རེནྡྲ་མོ་ཌི་མཆོག་གིས་འཛམ་གླིང་མཉམ་འབྲེལ་རྒྱལ་ཚོགས་ནང་རྒྱ་གར་ནི་སངས་རྒྱས་ཤཱཀྱ་ཐུབ་པའི་འཁྲུངས་ཡུལ་ཞི་བདེའི་ས་ཁུལ་ཞིག་ཡིན་སྐོར་དང་། དེང་སྐབས་རྒྱ་ནག་ནང་འགྱུར་བ་ཧ་ཅང་འགྲོ་བཞིན་ཡོད་པ་དང་། ལྷག་པར་རྒྱ་རིགས་ནང་པའི་གྲངས་འབོར་ལ་མཚོན་ན་རྒྱ་ནག་གི་ཉམས་ཞིབ་པ་ཁག་གཅིག་གིས་དེང་སྐབས་རྒྱ་ནག་ནང་དུ་རྒྱ་རིགས་ནང་པ་ས་ཡ་བཞི་བརྒྱ་ཙམ་ཡོད་པ་དང་། སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་སྐབས་རེ་རྒྱ་ནག་དམར་ཤོག་གི་ཚེ་ཚད་ལས་མགོན་པོ་མཆོག་༸སྐུ་ཚེ་རིང་བར་བཞུགས་ཐུབ་རྒྱུའི་ཐུགས་རེ་མཛད་པ་དང་། རྒྱ་ནག་ནང་འགྱུར་བ་ཏན་ཏན་ཡོང་རྒྱུ་ཡིན་པ་ཐུགས་གདེང་སྤོབས་བརྒྱ་ཆ་བརྒྱ་ནས་བརྒྱ་ཡོད་སྐོར་བཀའ་སློབ་སྩལ།
དེ་ཡང་མཇལ་ཁའི་སྐབས་ལྷན་བཅར་དུ་ཡོད་པ་སིམ་ལ་སྤྱི་ཁྱབ་བསྟན་འཛིན་ནོར་བུ་ལགས་ཀྱིས་འདི་གའི་གསར་འགོད་པར་གསུང་དོན།
ཧི་མཱ་ཅལ་མངའ་སྡེའི་སྲིད་སྐྱོང་མཆོག་གིས་ཀྱང་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ལ་༸སྐུའི་འཕྲོད་བཞེད་ཇི་འདྲ་ཡིན་མིན་བཀའ་འདྲི་ཞུས་པ་དང་སྦྲགས། བོད་མི་ཚོས་རྒྱ་གར་གནའ་རབས་ཀྱི་སྲོལ་རྒྱུན་རིག་གནས་དེ་དག་མི་རབས་བརྒྱུད་ནས་འཛིན་སྐྱོང་སྤེལ་གསུམ་གང་ལེགས་གནང་ཐུབ་པར་ཡི་རངས་བསྔགས་བརྗོད་དང་སྦྲགས། རིང་མིན་རྒྱལ་ས་ལྡི་ལིར་རྒྱ་གར་རྒྱལ་ཡོངས་སྲིད་སྐྱོང་རྣམས་ལྷན་ཚོགས་ Governor’s Conference གནང་འཆར་ཡོད་པ་དང་། སྐབས་དེར་རྒྱ་གར་གྱི་སྲིད་འཛིན་སྐུ་ཞབས་རཱམ་ནཱཐ་ཀོ་ཝིནྜ་ Ram Nath Kovind མཆོག་ཀྱང་ཕེབས་ཀྱི་ཡོད་སྟབས། དམིགས་བསལ་བཀའ་སློབ་ཇི་ཡོད་བཀའ་འདྲི་ཞུས་པར་མགོན་པོ་མཆོག་གིས་དམིགས་བསལ་ཞུ་རྒྱུ་མེད་ཀྱང་། རྒྱ་གར་གཞུང་མང་གཉིས་ནི་བོད་མི་བཙན་བྱོལ་བ་རྣམས་ལ་བཀའ་དྲིན་ཆེན་པོ་ཡིན་སྐོར་སོགས་བཀའ་ལན་སྩལ་ཡོད་སྐོར་གསུངས། །