ཕྱི་ལོ་ ༢༠༡༩ ཟླ་ ༡༡ ཚེས་ ༡༢ རེས་གཟའ་མིག་དམར།
༄༅། །བོད་མིའི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་རྒྱ་གར་ནུབ་བྷེང་གཱལ་མངའ་སྡེའི་ནང་སྦུལ་སྦུལ་ Bulbul ཞེས་པའི་དྲག་ཆར་རླུང་ཚུབ་ལ་བརྟེན་ནས་མི་རྒྱུ་ནོར་གསུམ་ལ་གོད་ཆག་ཚབས་ཆེ་ཕོག་པར་མངའ་སྡེའི་སྤྱི་ཁྱབ་བློན་ཆེན་ལྕམ་སྐུ་མམ་ཏ་བྷེ་ནར་ཇི་Mamata Banerjee མཆོག་བརྒྱུད་ཐུགས་གསོ་མཛད་དོན།
ངོས་ཀྱིས་ཐེངས་འདིར་དྲག་ཆར་རླུང་ཚུབ་འོག་དཀའ་སྡུག་མྱོང་བཞིན་པའི་ནུབ་བྷེང་གཱལ་མངའ་སྡེའི་ཡུལ་མི་ཚོར་གདུང་སེམས་མཉམ་སྐྱེ་ཞུ་རྒྱུ་ཡིན། མངའ་གཞུང་ནས་ས་ཁུལ་སོ་སོའི་ནང་ཛ་དྲག་ངལ་སེལ་ལས་གཞི་ཚགས་ཚུད་ངང་སྤེལ་བཞིན་པར་ཡི་རངས་བསྔགས་བརྗོད་ཞུ་བ་དང་ཆབས་ཅིག ངོས་ཀྱིས་ཛ་དྲག་ངལ་སེལ་ལས་གཞིར་དམིགས་ནས་ཏཱ་ལའི་བླ་མའི་ཐེབས་རྩ་བརྒྱུད་ཞལ་འདེབས་ཕྲན་བུ་འབུལ་རྒྱུ་ཡིན། རང་འབྱུང་གོད་ཆག་དེའི་འོག་དངོས་ཤུགས་བརྒྱུད་གསུམ་ནས་དཀའ་སྡུག་མྱོང་བཞིན་པའི་ནང་མི་ལྟོས་བཅས་ཡོངས་ལ་ངོས་ཀྱིས་སྙིང་ཐག་པ་ནས་སེམས་གསོ་ཞུ་རྒྱུ་ཡིན།
བོད་མི་ཚོས་རྒྱ་གར་འཕགས་པའི་ཡུལ་ཞེས་གནའ་སྔ་མོ་ནས་གནས་རྩ་ཆེར་ངོས་འཛིན་ཞུ་སྲོལ་ཡོད། ལྷག་པར་འདས་པའི་ལོ་ངོ་ ༦༠ ཙམ་རིང་ངོས་རང་ཉིད་དང་བོད་མི་བཙན་བྱོལ་བ་མང་པོ་ཞིག་གི་གནས་ཡུལ་སྡོད་ཁང་ཆགས་ཡོད། བྷེང་གཱལ་ལ་མཚོན་ན་བོད་དང་དམིགས་བསལ་འབྲེལ་བ་ཡོད། གང་ཡིན་བརྗོད་ན་མཁན་ཆེན་ཞི་བ་འཚོ་བྷེང་གཱལ་ནང་འཁྲུངས་པ་རེད། ལྟ་གྲུབ་སྨྲ་བའི་སློབ་དཔོན་ཆེན་པོ་ཁོང་གིས་དུས་རབས་ ༨ ནང་བོད་དུ་ཕེབས་ནས་བོད་ཀྱི་དགོན་པ་ཆེས་ཐོག་མ་བསམ་ཡས་གཙུག་ལག་ཁང་ཕྱག་བཏབས་པ་དང་། དེ་རྗེས་དུས་རབས་ ༡༡ ནང་བྷེང་གཱལ་ནས་དཔལ་མར་མེ་མཛད་བོད་དུ་ཕེབས་ནས་བོད་དུ་སངས་རྒྱས་ཀྱི་བསྟན་པ་ཉམས་པ་སླར་གསོ་མཛད་ཡོད། ཅེས་འཁོད་འདུག
གསུང་འཕྲིན་ངོ་མ་ཨིན་ཡིག་ནས་བོད་སྒྱུར་ཞུས་པས་ཨིན་ཡིག་ལ་རྩ་འཛིན་ཡོང་བ་ཞུ།