ཕྱི་ལོ་ ༢༠༡༩ ཟླ་ ༡༡ ཚེས་ ༧ རེས་གཟའ་ཕུར་བུ།
༄༅། །ཕྱི་ལོ་ ༡༩༧༩ ལོར་རྒྱ་གར་གུ་ཇུ་རཱཏ་མངའ་སྡེའི་གྲོང་ཁྱེར་ཨེ་ཧམྡ་བྷཱད་ནང་རྒྱ་གར་རྒྱལ་ཡོངས་འཛིན་སྐྱོང་སྦྱོང་བརྡར་བསྟི་གནས་ཁང་Indian Institute of Management, Ahmedabad ནས་སློབ་ཐོན་བྱུང་བའི་མི་སྣ་ཁག་གཙོ་གྱུར་ཛུ་ཀར་བྷར་གྷི་ཚོགས་པའི་ zuckerberg Institute ཁེ་ལས་མི་སྣ་བཅས་ལ་དེ་རིང་སྔ་དྲོ་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་རིས་མེད་བཟང་སྤྱོད་དགོས་གལ་སྐོར་བཀའ་སློབ་སྩལ་དོན།
![His Holiness the Dalai Lama speaking on secular ethics to entrepreneurs and management graduates at his residence in Dharamsala, HP, India on November 7, 2019. Photo by Tenzin Choejor His Holiness the Dalai Lama speaking on secular ethics to entrepreneurs and management graduates at his residence in Dharamsala, HP, India on November 7, 2019. Photo by Tenzin Choejor](https://www.dalailama.com/assets/news-articles/2019-11-07-Dharamsala-N01_D4A0034.jpg)
སྐུ་པར་གྱི་བདག་དབང་། དགའ་ལྡན་ཕོ་བྲང་།
ད་ཆ་དུས་རབས་ ༢༡ ནང་སླེབ་ཡོད། འཛམ་གླིང་འདི་འཛམ་གླིང་ནང་གི་མི་འབོར་ཐེར་འབུམ་བདུན་ལ་དག་པ་རེད། རྒྱལ་ཁབ་བྱེ་བྲག་པ་སོ་སོར་མཚོན་ནའང་རྒྱལ་ཁབ་དེ་མི་མང་ལ་དག་པ་མ་གཏོགས་སྲིད་དབང་འཛིན་པ་རྣམས་ལ་དག་མེད། ང་ཚོ་སྤྱི་ཚོགས་ལ་བརྟེན་པའི་སེམས་ཅན་ཡིན་སྟབས་གཞི་རྩའི་མིའི་ལྷན་སྐྱེས་རང་བཞིན་དེ་བྱམས་བརྩེ་ལྡན་པ་རེད། ང་ཚོ་འཚོ་ཐུབ་རྒྱུ་དེའང་སྤྱི་ཚོགས་ལ་བརྟེན་ནས་བྱུང་བ་རེད། ད་ཆ་འཕྲུལ་རིགས་ཡར་རྒྱས་ཧ་ཅང་ཕྱིན་པར་བརྟེན་འགྲོ་བ་མི་རིགས་ཡོངས་རྫོགས་ཁྱིམ་ཚང་གཅིག་ཆགས་ཐུབ་པར་ཕན་རླབས་ཧ་ཅང་བྱུང་ཡོད། ཅེས་བཀའསློབ་སྩལ་བ་མ་ཟད། རྒྱ་གར་སྲོལ་རྒྱུན་ནས་དར་བའི་འཚེ་མེད་ཞི་བ་དང་སྙིང་རྗེའི་ཉམས་ལེན་ལ་ཡི་རངས་བསྔགས་བརྗོད་རྒྱ་ཆེ་མཛད་པ་དང་སྦྲགས། བཟང་སྤྱོད་དེ་དག་དེང་སྐབས་འཛམ་གླིང་ནང་དགོས་མཁོ་དང་འབྲེལ་བ་ཧ་ཅང་ཡོད་པ། ལྷག་པར་རྒྱ་གར་སྲོལ་རྒྱུན་གྱི་ཞི་གནས་དང་ལྷག་མཐོང་ཉམས་བཞེས་ལ་བརྟེན་ནས་སེམས་ཀྱི་རྣམ་གཞག་དང་བྱེད་ལས། ཉོན་མོངས་པའི་བློར་གཉེན་པོ་བསྟེན་ཕྱོགས་སོགས་ཞིབ་ཕྲ་ཤེས་རྟོགས་ཐུབ་པར་ཕན་ཐོགས་ཧ་ཅང་ཡོད་སྐོར་བཀའ་སློབ་བསྩལ་འདུག
![Members of the audience listening to His Holiness the Dalai Lama during his meeting with entrepreneurs and management graduates at his residence in Dharamsala, HP, India on November 7, 2019. Photo by Tenzin Choejor Members of the audience listening to His Holiness the Dalai Lama during his meeting with entrepreneurs and management graduates at his residence in Dharamsala, HP, India on November 7, 2019. Photo by Tenzin Choejor](https://www.dalailama.com/assets/news-articles/2019-11-07-Dharamsala-N02SA904053.jpg)
སྐུ་པར་གྱི་བདག་དབང་། དགའ་ལྡན་ཕོ་བྲང་།
སྔ་མོའི་དུས་སྐབས་སུ་ཤེས་ཡོན་བསྟི་གནས་ཁང་ཕལ་མོ་ཆེའི་ནང་ཆོས་ཀྱི་བསླབ་བྱ་སོགས་ཡོད་འདུག འོན་ཀྱང་དེང་སྐབས་ཤེས་ཡོན་ལམ་ལུགས་དེ་གཙོ་ཆེར་དཔལ་འབྱོར་སོགས་ཕྱི་དངོས་པོའི་འཛུགས་སྐྲུན་ལ་གཙིགས་ཆེར་འཛིན་བཞིན་ཡོད་སྟབས། ནང་གི་སེམས་རྒྱུད་དང་འབྲེལ་བའི་བཟང་སྤྱོད་ཀྱི་སློབ་གསོ་ལྡེང་ངེས་ཤིག་མེད། ཆོས་ཀྱིས་སེམས་ཞི་བདེ་ཡོང་ཐབས་སློབ་གསོ་རྒྱག་བཞིན་ཡོད། འོན་ཀྱང་ད་ཆ་ས་ཁུལ་མང་པོ་ཞིག་ནང་ཆོས་ལ་དོ་སྣང་ཇེ་ཉུང་དུ་འགྲོ་བཞིན་ཡོད།
ངོས་རང་ཡུ་རོབ་སྤྱི་མཐུན་ཚོགས་པའི་སྒྲིག་འཛུགས་ལ་བསྔགས་བརྗོད་ཆེན་པོ་ཞུ་མཁན་ཞིག་ཡིན། སྒྲིག་འཛུགས་དེས་ཐུན་མོང་གི་བདེ་དོན་གཙོ་བོར་འཛིན་བཞིན་ཡོད། ཡུ་རོབ་ནང་ལ་མཚོན་ན་ལོ་ངོ་ ༧༠ ཙམ་རིང་ཞི་བདེའི་ཁོར་ཡུག་རྒྱུན་སྐྱོང་ཐུབ་པ་བྱུང་ཡོད། སྒྲིག་འཛུགས་དེས་མིའི་བློ་གྲོས་རྒྱས་པ་མཚོན་ཐུབ་ཅིང་། བཟང་ཕྱོགས་ཀྱི་རེ་བ་ཞིག་ཀྱང་མཐོང་གི་འདུག
ད་ཆ་གོ་ལའི་ཁོར་ཡུག་གི་གནས་སྟངས་ལ་བརྟེན་ནས་འགྲོ་བ་མི་རིགས་སྤྱི་ལ་དཀའ་ལང་འཕྲད་བཞིན་ཡོད། ངོས་རང་རྡ་སར་ཕྱི་ལོ་ ༡༩༦༠ ནས་ད་བར་བསྡད་པ་ཡིན། ལོ་རིམ་སོང་གིས་ཁ་བ་འབབ་ཚད་ཇེ་ཉུང་དུ་འགྲོ་བཞིན་འདུག ཚན་རིག་པ་ཚོས་ཀྱང་མ་འོངས་པར་ཁོར་ཡུག་ལ་བརྟེན་ནས་ཛ་དྲག་གི་དཀའ་ངལ་འཕྲད་རྒྱུ་ཡིན་པ་བཤད་ཀྱི་འདུག སུ་ཝི་ཌེན་ཁོར་ཡུག་ལས་འགུལ་བ་གྷེ་རེ་ཊ་ཐུན་བྷག་ Greta Thunberg ལགས་ཀྱིས་སེམས་ཁུར་ཆེན་པོས་ལས་འགུལ་སྤེལ་བ་དེ་ཧ་ལས་རེད། ཡི་རངས་བསྔགས་བརྗོད་ཡོད།
ཉེ་ལམ་རྒྱལ་སྤྱིའི་ཁོར་ཡུག་ཚོགས་ཆེན་ལ་བཅར་བའི་མི་ཞིག་ཐུག་བྱུང་། ཁོང་གིས་གསུང་པ་ལྟར་ན། ད་ཆ་ང་ཚོས་ཁོར་ཡུག་སྲུང་སྐྱོབ་ཀྱི་ཛ་དྲག་ལས་འགུལ་མ་སྤེལ་ན་འབྱུང་འགྱུར་ལོ་ ༨༠ ནང་ཙམ་ལ་འཛམ་གླིང་ཕྱེད་ཙམ་བྱེ་སར་འགྱུར་ངེས་ཡིན་པ་གསུངས་བྱུང་། ཁོར་ཡུག་གི་གནས་བབ་དེ་འདྲ་ཞིག་ཡིན་སྟབས། དེ་ལ་བརྟེན་ནས་ང་ཚོས་འགྲོ་བ་མི་རིགས་ཡོངས་རྫོགས་འགྲོ་བ་མིའི་ཁྱིམ་ཚང་གཅིག་གི་འདུ་ཤེས་འཛིན་དགོས་པ་དྲན་སྐུལ་གསལ་པོར་གཏོང་བཞིན་འདུག
![His Holiness the Dalai Lama addressing the gathering during his meeting with entrepreneurs and management graduates at his residence in Dharamsala, HP, India on November 7, 2019. Photo by Tenzin Choejor His Holiness the Dalai Lama addressing the gathering during his meeting with entrepreneurs and management graduates at his residence in Dharamsala, HP, India on November 7, 2019. Photo by Tenzin Choejor](https://www.dalailama.com/assets/news-articles/2019-11-07-Dharamsala-N03-SA904065.jpg)
སྐུ་པར་གྱི་བདག་དབང་། དགའ་ལྡན་ཕོ་བྲང་།
མི་ཚེའི་དགོས་པ་གཙོ་བོ་ནི་བདེ་སྐྱིད་རེད། མི་ཚེ་བདེ་ཞིང་སྐྱིད་པ་ཞིག་ཚང་མས་འདོད་ཀྱི་ཡོད། བདེ་སྐྱིད་ཡོང་བར་སེམས་ལ་ཞི་བདེ་དགོས། སེམས་ལ་དོན་དམ་བདེ་སྐྱིད་ཡོང་བར་ཆགས་སྡང་སོགས་མི་མཐུན་ཕྱོགས་ཀྱི་བློར་གཉེན་པོ་བསྟེན་དགོས། དེ་ཡོང་བར་བློའི་རྣམ་གཞག་དང་བྱེད་ལས་སོགས་ཤེས་པར་བྱེད་དགོས། རང་ངོས་ནས་གྲུབ་པར་སྣང་ཡང་དོན་དམ་པར་རང་ངོས་ནས་གྲུབ་པའི་ཆོས་རྡུལ་ཙམ་ཡང་མི་འདུག་སྙམ་པའི་ངེས་པ་གཏིང་ནས་རྙེད་ཐུབ་པ་ཡིན་ན། དེས་རང་གཅེས་འཛིན་གྱི་བློ་ཆུང་དུ་འགྲོ་རྒྱུར་ཕན་ཐོགས་ཧ་ཅང་ཡོད། ལྟ་ཚུལ་དེར་དེང་སྐབས་ཚད་རྡུལ་དངོས་ཁམས་རིག་པའི་རྣམ་གཞག་ཐོག་ནས་རྒྱབ་རྟེན་བྱེད་ཐུབ། ཅེས་བཀའ་སློབ་སྩལ་རྗེས་དྲི་བར་བཀའ་ལན་སྩལ་འདུག་པ་བཅས། །
![A member of the audience asking His Holiness the Dalai Lama a question during his talk on secular ethics to entrepreneurs and management graduates at his residence in Dharamsala, HP, India on November 7, 2019. Photo by Tenzin Choejor A member of the audience asking His Holiness the Dalai Lama a question during his talk on secular ethics to entrepreneurs and management graduates at his residence in Dharamsala, HP, India on November 7, 2019. Photo by Tenzin Choejor](https://www.dalailama.com/assets/news-articles/2019-11-07-Dharamsala-N04-SA904048.jpg)
སྐུ་པར་གྱི་བདག་དབང་། དགའ་ལྡན་ཕོ་བྲང་།