ཕྱི་ལོ་ ༢༠༡༩ ཟླ་ ༡༡ ཚེས་ ༢ རེས་གཟའ་སྤེན་པ།
༄༅། །ཕྱི་ལོ་ ༢༠༡༩ ཟླ་ ༡༡ ཚེས་ ༢ རེས་གཟའ་སྤེན་པ་ཉིན་གྱི་སྔ་དྲོ་ཆུ་ཚོད་ ༩ ཙམ་ལ་བོད་མིའི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་བཞུགས་སྒར་༸རྒྱལ་བའི་ཕོ་བྲང་ནས་དཔལ་ལྡན་རྒྱུད་སྟོད་གྲྭ་ཚང་དུ་ཆིབས་སྒྱུར་བསྐྱངས་འདུག ཁུལ་དེར་༸ཞབས་སོར་བདེ་བར་འཁོད་སྐབས་འཇམ་མགོན་རྒྱལ་བའི་རྒྱལ་ཚབ་དགའ་ལྡན་ཁྲི་རིན་པོ་ཆེ་མཆོག་དང་། བྱམས་མགོན་ཏཱའི་སི་ཏུ་རིན་པོ་ཆེ་མཆོག ཤར་བྱང་གི་ཆོས་རྗེ་རྣམ་གཉིས། རྒྱུད་སྟོད་གྲྭ་ཚང་གི་མཁན་ལས་ཟུར། བཀའ་ཟུར་ཀརྟི་རིན་པོ་ཆེ་མཆོག སྐྱབས་རྗེ་ཡོངས་འཛིན་གླིང་མཆོག་སྤྲུལ་རིན་པོ་ཆེ་མཆོག བཀའ་བློན་ཁྲི་ཟུར་མཁས་དབང་སློབ་དཔོན་ཟམ་གདོང་རིན་པོ་ཆེ་མཆོག གདན་ས་དྲུག་གི་མཁན་པོ་རྣམ་པ། དེ་བཞིན་དགེ་འདུན་འདུས་མང་དང་། བོད་མིའི་སྒྲིག་འཛུགས་ཀྱི་མང་གཙོའི་ཀ་བ་གསུམ་གྱི་མཛད་གཙོ་རྣམ་པ། སྤྱི་འཐུས་རྒྱུན་ལས། བསྟན་པའི་སྦྱིན་བདག་དང་། རྒྱུད་སྟོད་གྲྭ་ཚང་གི་གྲྭ་ཟུར་ཁག་གཅིག མི་མང་བཅས་ལ་བཀའ་སློབ་སྩལ་དོན།
དེ་རིང་འདིར་གསང་ཆེན་རྒྱུད་གྲྭ་རྣམ་གཉིས་བྱས་ནས་སྨད་རྒྱུད་དང་སྟོད་རྒྱུད། དེ་རིང་བྱེས་ཀྱི་གདན་སར་ང་ཚོ་རུབ་རུབ་བྱུང་བ་རེད། ཁྱེད་ཚོས་ཀྱང་ཤོག་གསུངས་པ་རེད། ཐུགས་རྗེ་ཆེ་ཟེར་གྱི་ཡིན། རྗེ་རིན་པོ་ཆེས་སེ་ར་ཆོས་སྡིངས་ལ་རྒྱུད་འགྲེལ་ཆེན་མོ་གསུངས་ནས་དེའི་རྗེས་སུ་བཤད་སྒྲུབ་གཉིས་ཀྱི་ཐོག་ནས་བསྟན་པ་འཛིན་མཁན་སུ་ཡོད་བཀའ་འདྲི་གནང་སྐབས། རྒྱལ་ཚབ་ཐམས་ཅད་མཁྱེན་པ་དང་མཁས་གྲུབ་རིན་པོ་ཆེ་སོགས་འགྲན་ཟླ་བྲལ་བའི་སློབ་མ་ཚོ་ཡོད་ཀྱང་གང་ཡང་མ་གསུངས་པ་རེད། དགོས་པ་རྒྱུ་མཚན་ཕལ་ཆེར་ཡོད་ཀྱི་རེད། རྗེ་བཙུན་ཤེས་རབ་སེངྒེས་ཡར་བཞེངས་ནས་རྒྱུད་ཀྱི་བཤད་སྒྲུབ་གཉིས་ཐོག་ནས་མཐོས་བསམ་སྒོམ་གསུམ་དང་འབྲེལ་བའི་བསྟན་པ་འཛིན་མཁན་དེ་ངས་བྱ་རྒྱུ་ཡིན་ཞེས་ཞལ་བཞེས་གནང་བ་རེད། རྗེ་རིན་པོ་ཆེ་ཐུགས་ཧ་ཅང་དགྱེས་ནས་རྒྱུད་འགྲེལ་ཆེན་མོ་དེ་རྗེ་བཙུན་ཤེས་རབ་སེངྒེའི་ཕྱག་ལ་གནང་བ་དེ་འདྲ་རེད། ཕྱིས་སུ་རྒྱུད་ཆེན་ཀུན་དགའ་དོན་གྲུབ་ཐུན་མོང་སྣང་ངོར་རྙོག་དྲ་ཕྲན་བུ་བྱུང་རྗེས་ཟུར་དུ་ཕེབས་ནས་དཔལ་ལྡན་སྟོད་རྒྱུད་གྲྭ་ཚང་བཙུགས་པ་རེད།
གཙང་ལ་བྱས་ན་ལྷུན་པོ་རྩེར་སྲས་རྒྱུད་ཚུགས་པ་རེད། དབུས་ཀྱི་རྒྱུད་གྲྭ་གཉིས་བྱས། དེ་དག་རྗེའི་བསྟན་པ་སྤྱི་དང་ལྷག་པར་གསང་སྔགས་གི་བསྟན་པ་འཛིན་མཁན་གཙོ་བོ་ཆགས་ཡོད། གསང་སྔགས་ནང་ནས་གསང་བ་འདུས་པ་གཙོ་བོ་རེད་འདུག གསང་བ་འདུས་པ་ནི་དཔལ་མགོན་འཕགས་པ་ཀླུ་སྒྲུབ་ཀྱིས་བསྐྱེད་རིམ་གྱི་རྣམ་གཞག་སྟོན་པ་མདོར་བྱས་མཛད། རྒྱུད་ཀྱི་ཁུངས་དང་འགྲེལ་ཡག་དེའང་མདོ་བསྲེ་གསུངས། དེ་ནས་རྫོགས་རིམ་སྐོར་ལ་ཀླུ་སྒྲུབ་རང་གིས་རིམ་ལྔ་མཛད། ཨརྱཱ་དེ་བས་རིམ་ལྔའི་དོན་འགྲེལ་སྤྱོད་བསྡུས་མཛད། དེ་རྗེས་ཟླ་གྲགས་ཀྱིས་རྒྱུད་འགྲེལ་ཆེན་མོ་མཛད་ནས་གསང་བ་འདུས་པ་གཙོ་བོ་རེད། མིང་ལའང་གསང་འདུས་གྲྭ་ཚང་ཞེས་གསང་སྔགས་གསར་མའི་བསྟན་པ་འཛིན་མཁན་གཙོ་བོ་ཆགས་ཡོད། དེ་འདྲ་བའི་གསང་སྔགས་ཀྱི་བསྟན་པ་འཛིན་པར་སྔགས་རིམ་ཆེན་མོའི་ལིའུ་དང་པོའི་མཇུག་དེར། །
དྲི་མེད་རིགས་པས་རང་གཞན་གཞུང་ལུགས་ཀྱི། །ལེགས་ཉེས་བཤད་པའི་ཁྱད་པར་མ་ཕྱེད་ཅིང༌། །ཐེག་པ་ཆེ་ཆུང་སྔགས་དང་ཕར་ཕྱིན་གྱི། །ཐུན་མོང་བ་དང་ཐུན་མོང་མ་ཡིན་པའི། །ཁྱད་པར་གཙོ་བོ་ཇི་བཞིན་མ་ཕྱེད་པར།།
བསྟན་པ་སྤྱི་དང་ཐེག་པ་ཆེན་པོ་དང༌། །ཁྱད་པར་རྡོ་རྗེ་ཐེག་པ་སྐལ་ལྡན་གྱི།། འཇུག་སྒོ་མཆོག་ཅེས་སྨྲ་བའང་དད་པ་ཙམ། །དེ་ཕྱིར་ཀྱེ་ཀྱེ་བློ་གྲོས་འདུན་ལྡན་དག །རྣམ་དག་རིགས་པས་བློ་གྲོས་མིག་སྦྱོངས་ལ། །ཕས་ཀྱི་རྒོལ་བས་
བསྐྱོད་པར་མི་ནུས་པའི། །བསྟན་པའི་གནད་ལ་ངེས་པ་བརྟན་པོ་ཚོལ། ཞེས་སྔགས་རིམ་ཆེན་མོའི་ནང་གསུངས་ཡོད། སངས་རྒྱས་ཀྱི་མདོ་སྔགས་ཆོས་ཚུལ་དེ་དག་རིགས་པའི་ལམ་ནས་ངེས་པ་དྲང་རྒྱུ་ཡོད་པ་ཞིག་རེད། དད་པ་རྐྱང་རྐྱང་ཡིན་ན། རྣམ་དག་རིགས་པས་བློ་གྲོས་མིག་སྦྱོངས་ལ། །ཕས་ཀྱི་རྒོལ་བས་བསྐྱོད་པར་མི་ནུས་པའི། ཞེས་པ་འདི་དད་པ་རྐྱང་རྐྱང་ཡིན་ན་ཡོང་ཐུབ་ཡག་མེད། གཙོ་བོ་ཀླུ་སྒྲུབ་ཡབ་སྲས་རེད། དེ་ནས་ཕྱོགས་གླང་ཆོས་གྲགས། དེ་དག་གིས་རིགས་པའི་ལམ་ནས་སྤྱིར་སངས་རྒྱས་པའི་བསྟན་པ་འདི་གཏན་ལ་ཕབ་པ་རེད། ངོས་ཀྱིས་ནམ་རྒྱུན་རྟག་པར་དཔལ་ནཱ་ལེནྜའི་ཆོས་བརྒྱུད་འདི་ལུང་ཙམ་ལ་སྐྱབས་སུ་མཆིས་ནས་བསྡད་པ་མིན་པར་རིགས་པ་རང་གི་ཐོག་ནས་དཔྱད་པ་བྱ་ནས་འགྲོ་རྒྱུ་རེད། པཱ་ལིའི་གཞུང་དེ་སངས་རྒྱས་པའི་ཆོས་ཀྱི་རྨང་གཞི་རེད། བསླབ་པ་གསུམ་གྱི་ཉམས་ལེན་དེ་དག་ཧ་ཅང་ཡག་པོ་ཡོད། དེའི་སྒང་ལ་ནཱ་ལེནྜའི་མཁས་པའི་དབང་པོ་ཀླུ་སྒྲུབ་ལ་སོགས་པས་སངས་རྒྱས་པའི་ཆོས་དེ་རིགས་པའི་ལམ་ནས་གཏན་ལ་ཕབ་ཡོད། ལྷག་པར་ལྟ་གྲུབ་སྐོར་དེ་དག་རིགས་པའི་ལམ་ནས་གཏན་ལ་ཕབ་ཡོད་པ་དེ་འདྲ་རེད། དེང་སྐབས་སངས་རྒྱས་པའི་ལྟ་གྲུབ་གསུངས་སྐབས་གཙོ་བོ་རྟེན་འབྱུང་གི་དེ་ཁོ་ན་ཉིད་ཟེར་བ་དེ་ཆགས་ཡོད། དངོས་ཡོད་གནས་ཚུལ་དང་མཐུན་པའི་ཐོག་ནས་འགྲེལ་བཤད་རྒྱག་རྒྱུ་ཡོད་པ། གཙོ་ཆེར་མགོན་པོ་ཀླུ་སྒྲུབ་ཀྱིས།
རྟེན་ཅིང་འབྲེལ་བར་འབྱུང་བ་གང༌། །དེ་ནི་སྟོང་པ་ཉིད་དུ་བཤད། །
དེ་ནི་བརྟེན་ནས་གདགས་པ་སྟེ། །དེ་ཉིད་དབུ་མའི་ལམ་ཡིན་ནོ། །
གང་ཕྱིར་རྟེན་འབྱུང་མ་ཡིན་པའི། །ཆོས་འགའ་ཡོད་པ་མ་ཡིན་པ། །
དེ་ཕྱིར་སྟོང་པ་མ་ཡིན་པའི། །ཆོས་འགའ་ཡོད་པ་མ་ཡིན་ནོ། །
ཞེས་གསུངས། བཅོམ་ལྡན་འདས་ཀྱིས་ཤེར་ཕྱིན་གྱི་གཞུང་ནས་སྟོང་པ་ཉིད་སྐོར་ལ་གསུངས་པ་དེ་དག་གི་དོན་དག་ཚུར་བཀྲལ་སྐབས་ལྟོས་ནས་གྲུབ་པ་རེད། མགོན་པོ་ཀླུ་སྒྲུབ་ཀྱི་སྲས་ཀྱི་ཐུ་བོ་སློབ་དཔོན་སངས་རྒྱས་བསྐྱངས་ཀྱི་འགྲེལ་བའི་ནང་། ངོ་བོ་ཉིད་ཀྱིས་གྲུབ་ན། བརྟེན་ནས་བཏགས་པས་ཅི་བྱ། ཞེས་ཚིག་ཧ་ཅང་ནུས་པ་ཆེན་པོ་གསུངས་ཡོད། གང་ལྟར་ཕྱི་དང་ནང་གི་ཆོས་གང་དང་གང་ཡིན་ཡང་བཏགས་དོན་བཙལ་ན་རྙེད་རྒྱུ་མེད་པ། བཏགས་དོན་བཙལ་ན་རྙེད་རྒྱུ་མེད་སྟབས་ཐ་སྙད་དབང་གིས་བརྟེན་ནས་བཏགས་པ་ཙམ་རེད། ཟེར་བ་ཞིག་བཤད་སྐབས་སྟོང་དང་རྟེན་འབྱུང་གཞི་གཅིག་སྒང་ནས་བཤད་ཀྱི་ཡོད། གཙོ་བོ་སྟོང་པ་ཡིན་པའི་རྒྱུ་མཚན་དེ་རྟེན་འབྱུང་རེད་ཅེས་བཤད་ཀྱི་ཡོད། སྟོང་པ་ཡིན་པའི་རྒྱུ་མཚན་བཙལ་ན་རྙེད་རྒྱུ་མེད་པའི་རྒྱུ་མཚན་དེ་ཁོ་ན་ཙམ་མ་རེད།
གུང་ཐང་རིན་པོ་ཆེས་གསུངས་པ་ལྟར་སྔགས་ཀྱི་ཆོ་ག་བཏོན་པ་ཙམ་གྱིས་ཕན་རྒྱུ་མ་རེད། བསྟན་ལ་རིམ་པ་བཞིན་དུ་སློབ་དགོས་པ་གསུངས་ཡོད། དེར་བརྟེན་གཞུང་ཆེན་ལྟ་རྒྱུ་དེ་ཧ་ཅང་གལ་ཆེན་པོ་རེད་འདུག ངོས་རང་རྒྱ་གར་དུ་སླེབས་ནས་གམ་བཅར་ཕན་བདེ་ལེགས་བཤད་གླིང་། ཕྱོགས་མཚུངས་རྒྱུད་གྲྭ་སྨད་སྟོད་བསྐྱེད་རིམ་པ་ཚོས་དེ་སྔ་མཚན་ཉིད་གཞུང་ལྟ་ཡི་མེད། ངོས་ཀྱིས་དཔེ་ཆ་ལྟ་དགོས་པ་འབོད་སྐུལ་བྱས། ཁྱེད་ཚོས་ཀྱང་ངོས་ཀྱིས་འབོད་སྐུལ་བྱས་པ་ལྟར་དང་ལེན་བྱས་ནས་ཨུ་ཚུགས་བརྒྱབ་ནས་མཚན་ཉིད་ལྟ་རྒྱུ་གནང་བ་རེད། རྒྱུད་གྲྭ་སྨད་སྟོད་གཉིས་ཀས་ད་ཆ་མཚན་ཉིད་ལྟ་བཞིན་པ་འདི་ཡར་རྒྱས་རེད། གསང་བ་འདུས་པའི་རྒྱུད་གཞུང་བཏོན་ནས་ཟབ་གནད་ཤོད་དགོས་བྱུང་ན། མཐར་གཏུགས་ན་བྱང་ཆུབ་སེམས་དང་སྟོང་ཉིད་ལྟ་བའི་སྒང་ལ་འབྲེལ་དགོས། མདོ་ཕྱོགས་ནས་གསུངས་པའི་དབུ་ཕར་གྱི་གཞུང་དེ་དག་ལྟ་དགོས་པ་ཧ་ཅང་གལ་ཆེན་པོ་རེད། ཁྱེད་ཚོས་ད་བར་ཧུར་ཐག་བྱས་པ་རེད། ད་དུང་ཡིན་ནའང་ཧུར་ཐག་བྱེད་དགོས་པ་རེད།
སྐབས་སུ་བབ་པ་རྒྱུད་པ་གྲྭ་ཚང་རེད། ད་ལྟ་སྨད་རྒྱུད་རྒྱ་གར་ལྷོ་ཕྱོགས་ལ་ཆགས་ཡོད། ཉེ་ཆར་ང་ཚོ་སྐད་ཆ་བྱུང་། ད་ལོ་སྔོན་ལ་རྒྱ་གར་ལྷོ་ཕྱོགས་དགའ་ལྡན་ལ་འགྲོ་རྒྱུ་རེད། སྐབས་དེར་རྒྱུད་སྨད་ལའང་ངེས་པར་དུ་ཡོང་གི་ཡིན་ཞེས་ཞུ་རྒྱུ་བྱུང་། གང་ལྟར་རྗེ་རིན་པོ་ཆེས་རྗེ་བཙུན་ཤེས་རབ་སེངྒེར་བསྟན་པ་གཏད། རྗེ་བཙུན་ཤེས་རབ་སེངྒེའི་རྗེས་འཇུག་ཁྱེད་རང་ཚོས་སྔགས་རིམ་ཆེན་མོའི་ནང་གསུངས་པ་ལྟར་བྱས་ནས་རྒྱུད་གཞུང་འདོན་རྒྱུ་ཡོད་པ་ཙམ་གྱིས་ཧ་ལས་རྒྱུ་གང་ཡང་མེད། གང་ལྟར་བསྟན་པ་སྤྱིའི་འགྲོ་སྟངས་དེ་ཆ་ཚང་ཡག་པོ་ཤེས་པ་བྱས། དེའི་སྒང་ལ་སྔགས་ཀྱི་ཟབ་ཁྱད་དེ་དག་བསྣན། དེའི་ནང་ཚན་ནས་གསང་བ་འདུས་པའི་ཟབ་གནད་མཐའ་དྲུག་ཚུལ་བཞིའི་སྒོ་ནས་བཤད་པ་དེ་དག་ཡག་པོ་བྱས་ནས་ཤེས་པ་བྱུང་བ་ཡིན་ན། ཧ་ཅང་ཡག་པོ་རེད།
ཕྱོགས་མཚུངས་འདིར་སྔ་མོ་རྒྱུད་པའི་གྲྭ་པ་བྱས། བར་སྐབས་བསླབ་རྒྱུན་ཕྱུང་བ་ཁྱེད་རང་ཚོས་ཚོགས་པ་གཅིག་བཙུགས་ནས་ཧུར་ཐག་འབད་ཐག་བྱས་འདུག ཧ་ཅང་ཡག་པོ་རེད། ང་ཚོའི་སྤྱི་ཚོགས་ནང་ཕན་བཞིན་ཡོད། དེ་སྔ་གྲྭ་ཚང་ཁག་ནང་ཞུགས། སོ་སོས་སློབ་སྦྱོང་ཏོག་ཙམ་བྱས་པ་དེས་རང་ཉིད་བསླབ་པ་མགོ་མ་ཐོན་པ་རེད། འོན་ཀྱང་ལུང་རྟོགས་ཀྱི་བདག་ཉིད་ཀྱི་སངས་རྒྱས་ཀྱི་བསྟན་པ་འདི་ངོ་སྤྲོད་བྱ་རྒྱུ། དེ་དང་ཆབས་ཅིག་མིག་དཔེ་བསྟན་ནས་མི་ཡ་རབས་རྣམ་དཔྱོད་ལྡན་པ་ཞིག་བྱས་ནས་སྤྱི་ཚོགས་ནང་ཞབས་འདེགས་བསྒྲུབ་ཐུབ་པ་བྱུང་ན་ཧ་ཅང་ཡག་པོ་ཡོང་གི་རེད།
ངོས་རང་ལ་མཚོན་ན་ཐམས་ཅད་མཁྱེན་པ་དགེ་འདུན་གྲུབ་པའི་སྐྱེས་ཕྲེང་གི་གྲལ་དུ་སླེབས་ཡོད། ངོས་ཀྱི་ནམ་རྒྱུན་ངོས་རང་རྗེ་རིན་པོ་ཆེ་ལ་ཕ་ཡུལ་གཅིག་པའི་ཞེན་ཁོག་ཡོད་ཅེས་བཤད་ཀྱི་ཡོད། བོད་ལ་ཡིན་ན་ང་ཚོའི་དགེ་བཤེས་མང་ཆེ་བ་མདོ་སྟོད་སྨད་གཉིས་ནས་རེད་འདུག ཕྱིས་སུ་གཤངས་དགའ་ལྡན་ཆོས་འཁོར་ནས་སེར་བྱེས་ཁོངས་ལ་སློབ་གཉེར་བ་དགེ་བཤེས་རྩེ་གྲ་དེ་འདྲ་ཐོན་པ་རེད། སེར་འབྲས་དགའ་གསུམ་ནང་མཁས་པ་ཕལ་མོ་ཆེ་མདོ་སྟོད་སྨད་ནས་རེད། ཕ་ཡུལ་ཐག་རིང་པོ་ནས་ཡོང་བ་རེད། ཉེ་འཁོར་ལ་ནང་ཁྱིམ་མེད་པ་རེད། དབུས་གཙང་གི་དཔེ་ཆ་བ་ཚོའི་ནང་ཁྱིམ་འཁྲིས་ལ་ཡོད། ཕལ་ཆེར་དེས་རྐྱེན་བྱས་ནས་འཐུས་ཤོར་འགྲོ་བ་མིན་ནམ། གཤངས་དགའ་ལྡན་ཆོས་འཁོར་དང་། ལྷ་ངམ་ཕུན་གསུམ་གྱི་ཁོངས་ནས་ཡོང་བའི་གཙང་པའི་དགེ་བཤེས། འདིར་ཁྲི་རིན་པོ་ཆེར་མཚོན་ན་གཤངས་དགའ་ལྡན་ཆོས་འཁོར་ནས་རེད། ཅེས་སོགས་ཀྱི་བཀའ་སློབ་སྩལ།